རིག་འཛིན་ལུང་རིག་གླིང་པ་ལུང་རྟོགས་བསྟན་པའི་ཉི་མ་ནི།

བཀླགས་གྲངས། 58

བཀའ་གཏེར་དུ་མ་ནས་ལུང་གིས་ཟིན་ཅིང་མདོ་མཁྱེན་བརྩེས་བྱིན་གྱིས་བརླབས་པའི་སྲས་སུ་གྲགས་པ་གང་ཉིད་ཡབ་དད་དམ་ནོར་གྱིས་ཕྱུག་པ་མ་ཧཱ་ཙི་ནའི་རིགས་ཆན་ཏཱ་དང་། ཡུམ་ཨ་འཛི་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱ་༼༡༨༣༧ ༡༨༩༨༽ལོར་

གཡུ་ཁོག་ཏུ་འཁྲུངས། མཚན་པདྨ་དོན་ལྡན་བཟང་པོ་ཞེས་གསོལ། དགུང་གྲངས་དྲུག་བཞེས་སྐབས་ཡི་གེ་འབྲི་ཀློག་སོགས་སྦྱངས། རྒྱ་ཤུལ་བླ་མ་སངས་རྒྱས་བཟང་པོ་ལས་ཟབ་ཆོས་དུ་མའི་སྨིན་གྲོལ་གྱི་གདམས་པ་མནོས། དགུང་གྲངས་བཅུ་གསུམ་བཞེས་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་རབ་ཏུ་བྱུང་བས་ལུང་རྟོགས་བསྟན་པའི་ཉི་མ་ཞེས་མཚན་གསོལ། རྫོགས་སྤྲུལ་བཞི་པས་འཁོན་ཀླུ་དབང་སྲུང་གི་རྣམ་སྤྲུལ་དུ་བསྔགས་ནས་སྐྱེ་ཕྲེང་གསོལ་འདེབས་སོགས་མཛད། མཁན་ཆེན་པདྨ་བཛྲ། གླིང་སྤྲུལ། ཉི་གྲགས་རིག་འཛིན་བཟང་པོ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ། མདོ་རིན་པོ་ཆེ་དྲི་མེད་གྲགས་པ། གནམ་མཚོ་འགྱུར་མེད་བྱང་ཆུབ་རྡོ་རྗེ། རིག་འཛིན་གསང་སྔགས་གླིང་པ་སོགས་ལས་ཐུན་མོང་ཐུན་མིན་གྱི་ཟབ་ཆོས་དང་། སྨིན་གྲོལ་གདམས་ཁྲིད་དང་བཅས་རྒྱ་ཆེར་གསན། གཡུ་མཁར་དགོན་དུ་གདན་རབས་གཉིས་པའི་འོས་འགན་བཞེས་ཤིང་། སྔ་འགྱུར་བཀའ་མའི་མཆོད་ཁག་ལྔ། རྩ་བྲུབ་གར་འཆམ་དང་བཅས་པ། བཀའ་བརྒྱད་གཏོར་བཟློག དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་ཚེས་བཅུའི་གར་འཆམ་དང་བཅས་པ། གཞི་གསུམ་གྱི་ཕྱག་བཞེས་སོགས་གསར་དུ་བཙུགས། དགུང་གྲངས་ཉེར་ལྔ་བཞེས་སྐབས་དག་པའི་སྣང་བར་ཟངས་མདོག་དཔལ་གྱི་རི་བོར་རིག་འཛིན་གྱི་ཚོགས་གྲལ་དུ་ཕེབས་ཚེ་ཨོ་རྒྱན་ཆེན་པོས་དབུགས་དབྱུངས་གཟེངས་བསྟོད་མཛད། དགུང་གྲངས་སོ་དྲུག་བཞེས་པའི་དུས་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། དགུང་གྲངས་ཞེ་གཅིག་པར་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པས་དགོངས་གཏེར་མཐའ་དག་ཡི་གེར་འབེབ་པར་བསྐུལ་བ་དང་། ས་སྐྱའི་རྗེ་བཙུན་མ་སྐལ་བཟང་སྒྲོན་མ་མཁའ་འགྲོའི་ལུང་ལྟར་གཡུ་ཁོག་ཏུ་ཕེབས་ཀྱང་། ཁོང་གིས་སྐུ་ཚེ་འདིར་རབ་བྱུང་གི་བཅོས་ཁྲིམས་ལས་མི་འདའ་བར་གསུངས་ནས་གསང་ཡུམ་མ་བཞེས། མཁའ་འགྲོ་མས་རྟེན་འབྲེལ་གྱི་རྫས་ཕུལ་བས་ཡང་ཟབ་སྐོར་གསུམ་གྱི་ཆོས་ཚན་རྣམས་རིག་ཁམས་ནས་རྩོལ་མེད་དུ་ཤར་བ་ཡི་གེའི་ལམ་དུ་ཕབ་པར་མཛད། གཡུ་རོང་བཀོད་ལེགས་དུ་སྐུ་མཚམས་བཅད་རྒྱ་དང་། སྨིན་གྲོལ་ཆོས་འཁོར་བསྐོར་ནས་རྒྱུན་རིང་བར་བཞུགས་པས་གདན་ས་གཉིས་པར་གྲགས། གཡུ་སྨད་སྨོན་ལམ་དགོན་སོགས་སུ་ཕེབས་ནས་དབང་ལུང་གནང་བ་སོགས་མཛད། གཏེར་ཆོས་དང་ཞལ་གདམས་སོགས་གླེགས་བམ་བརྒྱད་བཞུགས། ཨ་མདོ་རེབ་ཀོང་ཚུན་ཆད་དུ་ཞལ་སློབ་ཀྱིས་ཁྱབ་པར་བྱུང་། དགུང་གྲངས་རེ་གཅིག་བཞེས་པ་ས་བྱ་ལོའི་སོས་ཀར་གཡུ་སྨད་ནེའུ་ཆེ་ཞེས་པར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Menu