འཇིགས་མེད་བློ་གསལ་དབང་པོའི་ཞབས་བརྟན་སྨོན་ཚིག

བཀླགས་གྲངས། 390

འཕོ་འགྱུར་བྲལ་བ་རང་བྱུང་རིག་པའི་གཤིས།། སྐད་ཅིག་སྣང་བས་གདོད་མའི་སར་ཕྱིན་པ།།

རྒྱལ་བ་ཀུན་གྱི་འཕྲིན་ལས་ངོ་བོ་ཉིད།། དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག།

གདུལ་བྱ་གདུལ་བྱེད་རང་སྣང་གཅིག་གི་ངང་།། མ་འདྲེས་གསལ་བ་ཡེ་ཤེས་ཆེན་པོའི་ཁམས།།
མངོན་གསུམ་གྱུར་བའི་རྟེན་གདལ་བ་ལས།། དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག།
ཀུན་དུ་བཟང་པོའི་ཐུགས་ཀྱི་མཁའ་ཀློང་ནས།། ལྷུན་གྲུབ་རང་མདངས་ཤར་བ་སྙིང་པོའི་དོན།།
རྒྱུད་ལུང་མན་ངག་བསྟན་པ་རྒྱ་མཚོའི་མགོན།། དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག།
རབ་འབྱམས་སེམས་ཅན་ཞིང་གི་མཐའ་ཁྱབ་ཏུ།། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལྷུན་གྲུབ་སྟེ།།
རྒྱ་ཆེའི་ཕན་བདེའི་འོད་སྣང་འགྱེད་པའི་གཉེན།། དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག།།
ཅེས་པ་འཕགས་ཡུལ་རྫོགས་ཆེན་དགོན་གྱི་མཁན་པོ་འཇམ་དཔལ་བསྟན་འཛིན་དང་འདུས་པ་ཡོངས་ནས་ནན་བསྐུལ་བྱུང་བ་ལ་བརྟེན་ནས་རྫོགས་ཆེན་རིན་པོ་ཆེ་༸་འཇིགས་མེད་བློ་གསལ་དབང་པོའི་ཞབས་བརྟན་སྨོན་ཚིག་ཏུ་༸་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་རྒྱུད་སྟོད་ར་མོ་ཆེའི་གཙུག་ལག་ཁང་དུ་སྦྱར་བའོ།།

Menu