ཞབས་བརྟན་སྨོན་ལམ་འཆི་མེད་ལྷ་ཡི་རྔ་སྒྲ་ཞེས་བྱ་བ།

བཀླགས་གྲངས། 76

ཨོྃ་སྭ་སྟི། མཚོ་སྐྱེས་རྒྱལ་བསྟན་འོད་སྟོང་མུ་འཁྱུད་འཛིན། །འཇིགས་བྲལ་ཐུགས་བསྐྱེད་མགྱོགས་འགྲོའི་ཤིང་རྟ་ཡིས། །
ལེགས་སྨོན་ལྷུན་པོའི་རྩེ་རུ་འདྲེན་པ་པོ། །གྲུབ་མཆོག་སྤྲུལ་བའི་ཟློས་གར་ཞབས་བརྟན་གསོལ། །

སྣང་སྲིད་གཞིར་བཞེངས་རྒྱལ་བའི་དཀྱིལ་འཁོར་དུ། །འཁོར་འདས་ཆོས་ཀུན་ལྷ་སྔགས་ཆོས་ཉིད་ངང་། ། སྲོག་སྡོམ་གཟེར་བཞིས་ཡོངས་བཅིངས་རྣལ་འབྱོར་ཆེ། །སྒྱུ་འཕྲུལ་དྲྭ་བའི་སྟོན་པར་ཞབས་བརྟན་གསོལ། ། རྡོ་རྗེ་ལུས་ཀྱི་འོ་མཚོ་བསྲུབས་པ་ལས། །མཆོག་ཏུ་མི་འགྱུར་བདེ་ཆེན་བཅུད་ཀྱིས་མྱོས། ། གཙུག་ཏོར་འཁོར་ལོས་སྒྱུར་བར་མངའ་དབང་མཛད། །ཀུན་འདུས་རིག་པའི་བདག་པོར་ཞབས་བརྟན་གསོལ། ། སྡེ་གསུམ་ཀློང་དགུའི་ཆོས་ཚུལ་གངྐའི་ཀླུང་། །བརྒྱད་ལྡན་མེས་པོའི་རལ་བར་ལེགས་བསྐྱིལ་བ། ། སྒོམ་བྱུང་ཀློང་རྡོལ་མཁྱེན་དཔྱོད་ཧུབ་ཀྱིས་རོལ། །རྫོགས་ཆེན་བསྟན་པའི་ཤིང་རྟར་ཞབས་བརྟན་གསོལ། ། དེ་ལྟར་རབ་དཀར་ལྷག་བསམ་དཔྱིད་ཀྱི་མངལ། །སྦྲུམ་པའི་སྨོན་འབྲས་ཡོངས་འདུས་ས་བརྟོལ་མྱུག ། མཆོག་གསུམ་བདེན་པའི་གཡུར་དུ་རབ་ལྡེམ་པའི། །བཀྲ་ཤིས་དཔལ་གྱི་དུས་སྟོན་དར་གྱུར་ཅིག །
ཅེས་པ་འདི་ནི་ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་ཇི་ལྟར་བསྐུལ་ངོར་འཇིགས་མེད་ཆོས་རྗེའི་གྲལ་མཐར་འཛིན་པ་སྙོམ་ལས་པ་བསྟན་འཛིན་རྒྱ་མཚོས། ཟླ་ཚེས་བཟང་པོར་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

Menu