ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་སྒྲ་དབྱངས།

བཀླགས་གྲངས། 528

བསྟན་གཡོའི་དྭངས་བཅུད་སྙིང་པོར་འདྲིལ་བའི་སྲོག། ཁ་སྦྱོར་བདུན་ལྡན་མཐའ་ཀླས་དཀྱིལ་འཁོར་བདག།། ཚེ་དང་ཡེ་ཤེས་དངོས་ཀུན་སྩོལ་བའི་ལྷ།། རིང་པོར་འཚོ་བའི་དཔལ་གྱི་སྐབས་དབྱེ་ཤོག། ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང་།། གྲུབ་པའི་རིག་འཛིན་མཆོག་ཏུ་རོལ་བའི་གར།།བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ།། རིམ་བྱོན་སྐྱེ་བའི་འཕྲེང་བར་གསོལ་བ་འདེབས།། རྨད་བྱུང་ཐུབ་བསྟན་ལུང་རྟོགས་འཛིན་པའི་འཕྲུལ།།

མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ།། སྲིད་ཞིའི་འཇིགས་བྲལ་ཕན་དང་བདེ་བའི་དཔལ།། མི་འགྱུར་ལྷུན་པོའི་སྤོ་ལ་རྟག་ཤར་ཤོག། འཇིགས་མེད་ཐེག་མཆོག་རྡོ་རྗེ་སྙིང་པོ་ཡི།། ཆོས་མཛོད་སྒོ་འཕར་འབྱེད་ལ་ཟླ་བྲལ་ཞིང་།། བློ་གསལ་སྐལ་བཟང་རིག་འཛིན་གྲུབ་པའི་གཙོ།། ལྷ་མིའི་དབང་པོའི་རྒྱན་དུ་འཚོ་ཞེས་གསོལ།། ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས།། མདོ་སྔགས་རབ་འབྱམས་འཆད་རྩོད་རྩོམ་པ་དང་།། མཁྱེན་བརྩེ་ནུས་པའི་སྣང་བས་ས་གསུམ་ཁྱབ།། མཁས་བཙུན་བཟང་པོའི་འཕྲིན་ལས་རྒྱས་གྱུར་ཅིག། སྣ་ཚོགས་ཤེས་བྱའི་ཆོས་ཚུལ་མཐའ་ཀླས་པ།། མཁྱེན་པའི་མེ་ལོང་གཙང་མར་ལེགས་འཕོས་ནས།། ཇི་སྙེད་གདུལ་བྱ་འདྲེན་པའི་རྣམ་ཐར་གཟི།། བསྐལ་མཐའི་བར་དུ་ཉམས་མེད་ཞབས་བརྟན་གསོལ།། ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཡང་ཞུན་མཆོག། ངེས་གསང་གདམས་པའི་དྲོད་རླང་འཐུལ་བའི་བཅུད།། ཉམས་བཞེས་དགོངས་པའི་གྲུབ་བརྙེས་དགའ་སྟོན་གྱིས།། བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ཞབས་བརྟན་གསོལ།། མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་འོད་སྣང་གིས།། བསྟན་འགྲོའི་རྒུད་མུན་མིང་མཐར་ཡོངས་བཏང་ནས།། རྫོགས་ལྡན་མགྲོན་དུ་འགུགས་དགེ་མཚན་གྱིས།། བསྟན་འགྲོའི་དབུ་འཕངས་སྲིད་པའི་བླར་མཐོ་ཤོག། རང་བཞིན་ཡེ་དག་ཆོས་ཉིད་བདེན་པའི་སྟོབས།། བསླུ་མེད་ཆོས་ཅན་རྟེན་འབྲེལ་དགེ་བའི་མཐུས།། ཇི་ལྟར་སྨོན་པ་ཇི་བཞིན་ཡོངས་འགྲུབ་ནས།། དགེ་དགུའི་དཔལ་གྱིས་ཀུན་ནས་ཤིས་གྱུར་ཅིག།
ཅེས་པའང་སྐལ་བཟང་རྣམ་འདྲེན་ཡོངས་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པ་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས། མཁས་བཙུན་གྲུབ་པའི་དབང་ཕྱུག་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་རྫོགས་སྤྲུལ་བཞི་བའི་ཞབས་བརྟན་དུ་ཕུལ་བ་རྡོ་རྗེའི་བདེན་ཚིག་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ལ་། ཀུན་མཁྱེན་རྒྱལ་བའི་དབང་པོ་དང་རྡོ་གྲུབ་གཉིས་ཀྱིས་མཚན་གསོལ་ཞབས་བརྟན་ལྗགས་རྩོམ་དུ་གནང་བ་ཁ་སྐོང་ཚུལ་དུ་ལེགས་པ་སྦྱར་བའོ།

Menu