ཚོགས་གླུ་ལས་སྨོན་རྟེན་འབྲེལ།

བཀླགས་གྲངས། 78

ཚོགས་གླུ་ལས་སྨོན་རྟེན་འབྲེལ།

ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་ན། །
རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབ་བྱུང་། །
རྨ་བྱའི་གདུགས་བསྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །
གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོང་། །
བསོད་ནམས་དཔྱིད་ཀྱི་རྒྱལ་མོ་ཤིང་རྟ་ལ་ཕེབ་དང་། །
ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །
ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པས། །
དབྱར་གསུམ་ནམ་ཟླ་སྤྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་། །
འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགས། །
ང་ཚོའི་བླ་མ་བཞུགས་པའི་ཆོས་གྲལ་ལ་ཕེབ་དང་། །
སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱིས་ངང་ནས། །
ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཞིག་ཡོད་དོ། །
བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །
ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་། །
མ་དང་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པས། །
འཇའ་ལུས་ཆོས་སྐུ་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ། །
  རིག་འཛིན་འཇིགས་གླིང་ནས།
Menu