མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་ནི།

བཀླགས་གྲངས། 96

མ་ཡུམ་ལི་ཐང་སྒྲོལ་མ་ཆོས་མཚོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨ ༡༩༨༩༽ལོར་རྟའུ་ཉ་མཚོའི་དགོན་འདབས་སུ་སྐུ་འཁྲུངས།

དགུང་གྲངས་གསུམ་ཙམ་བཞེས་སྐབས་སྒོ་ཆ་སྐུ་ཞབས་ངག་དབང་ཕྲིན་ལས་ཀྱིས་བུ་འདི་བནྡེ་བྱས་ནས་ཉ་མཚོ་དགོན་དུ་གྲྭ་ཞུགས་དགོས་པར་གསུངས་པས། མ་ཡུམ་གྱིས་བུ་ཁྲིད་ནས་གཡུ་ཁོག་ཏུ་བྱོལ་ནས་སློང་མོས་འཚོ་བཞིན་བཞུགས། གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོས་འབྱུང་འགྱུར་བསྟན་ལ་སྨན་པའི་སྐྱེས་བུར་གཟིགས་ནས། མ་ཡུམ་ལ་བུ་འདི་ལ་ཀློག་བསླབ་ནས་གཡུ་དགོན་དུ་གྲྭ་ཞུགས་བྱེད་དགོས། མཐུན་རྐྱེན་བདག་གིས་སྦྱོར་ཆོག་གསུངས། དེ་ནས་ཡང་མ་ཡུམ་གྱིས་བུ་ཁྲིད་ནས་མཚན་བྲོས་བྱས་པས་གཡུའི་ན་སྣེར་སླེབས་སྐབས་དཔོན་བླས་མཁྱེན་ནས་ར་མདར་མངགས་པའི་རྟ་པ་ཁ་ཤས་སླེབས་ནས་ཕྱིར་བཀུགས། དེ་ནས་དཔོན་བླས་ཀློག་བསླབས་པ་སོགས་སྐུ་བདག་བྱས་ཤིང་ཐུགས་རྩིས་ཤིན་ཏུ་ཆེ། དུས་རྒྱུན་ཁོང་གི་སར་བཞུགས། དགུང་གྲངས་ནར་སོན་སྐབས་གཡུ་མཁར་བཤད་གྲྭར་བཞུགས། ཧོར་བླ་གཞན་ཕན་སོགས་ལས་སྨིན་གྲོལ་གྱི་གདམས་པ་ནོད། ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་སྤྲུལ་པའི་ཆ་ཤས་སུ་བསྔགས། དུས་འགྱུར་སྐབས་ཁོང་སྤྲང་མོའི་བུ་ཡིན་རྐྱེན་མནར་གཅོད་མ་བྱུང་། བསྟན་པ་ཡང་དར་སྐབས་ཨ་ཚབ་སྤྲུལ་སྐུ་སོགས་བསྟན་འཛིན་གཞན་དག་དང་ལྷན་དུ་འདུ་ཁང་དང་དུས་མཆོད་བསྐྱར་འཛུགས་ཀྱི་ཕྱག་ལས་རྒྱ་ཆེར་གནང་། གཡུ་དགོན་དུ་རྒྱལ་ཚབ་ཁྲི་བ་མཛད། ཚེ་རིང་མཆེད་ལྔ་དང་། ཡུལ་ལྷ་གཉན་པོ་གཡུ་རྩེ་སོགས་ཀྱིས་ཕུལ་བའི་གསེར་སྒྲོམ་དང་། གཡུ་སྒྲོམ་སོགས་སྒྲོམ་བུ་མང་པོ་གཏེར་ནས་བཞེས། འབྱུང་འགྱུར་མཁྱེན་པའི་ལུང་བསྟན་དུ་མ་མངའ། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོར་གཡུའི་ཆོས་ཁྲིའི་ཐང་དུ་སྔོན་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་བཞེངས་པར་གྲགས་པའི་མཆོད་རྟེན་བསྐྱར་བཞེང་མཛད། དགུང་གྲངས་དོན་གཉིས་བཞེས་པ་ས་སྦྲུལ་ལོའི་སྣྲོན་ཟླའི་ཡར་ཚེས་བཅུ་གཉིས་ཀྱི་ཉི་ཤར་དུས་སྐུ་དྲང་པོར་བསྲངས་ནས་སྐུ་་གཤེགས་། སྐུ་མ་འདས་པའི་སྔོན་ནས་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེར་ཉིན་དེར་ཁོང་འདའ་རྒྱུ་དང་། ཉིན་བདུན་གྱི་རྗེས་ནས་འབྱོན་དགོས་ཚུལ་སོགས་ཐུགས་གྲོས་མཛད་ཡོད་པ་དང་། སྐུ་གདུང་ཞུགས་འབུལ་སྐབས་དབུ་ཐོད་ཡར་བ་དང་། ནམ་མཁའ་གཡའ་དག་པ་སོགས་རྟགས་མཚན་དུ་མ་བྱུང་བར་གདའ་འོ། །

གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པའི་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ལོ་རྒྱུས་ཐོར་བུའི་བང་སོ་དེབ་གཟུགས་ཅན། ལྡེབ་ངོས་229 ནས་ 232བར།

ཤར་མི་ཉག་པ།  རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Menu