མཆིམས་ཕུའི་ཆོས་སྐོར་ལས་འདྲེ་མོ་བསྐྲད་པ་བཞུགས་སོ། །

བཀླགས་གྲངས། 85

༄༅། །ན་མོ་གུ་རུ་པདྨ་ཧེ་རུ་ཀ་ཡེ། འདིར་གཏོར་སྣོད་གྲུབ་གསུམ་པའི་ནང་དུ་འདྲོ་མོ་གཟུགས་མི་སྡུག་པ་རལ་བས་ལུས་ཕྱེད་ཁེབས་པ་གཅེར་བུ་མི་ལྤགས་ཀྱིས་བརྒྱན་པ་ལག་ནས་མི་ཤ་ཟ་བའི་གཟུགས་གཅིག་བཀོད་པའི་ཉེ་འཁོར་དུ་མདོས་རྫས་སྤྱི་མཐུན་ལྟར་བཤམས་ལ།

སྟོང་པའི་ངང་ལས་མདོས་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མདོས་རྫས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟག་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ནམ་མཁའ་མཛོད་སྔགས་ཀྱིས་བྱིན་གྱིས་རླབས། དེ་ནས་མགྲོན་དགུག་པ་ནི། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་།། ཊ་ཀི་རཱ་ཛའི་ནུས་སྟོབས་ཀྱིས།། གནོད་ཅིང་འཚེ་བར་བྱེད་པ་ཡི།། འདྲེ་མོ་དམ་སྲིའི་རིགས་གྱུར་ཀུན།། སྐད་ཅིག་ཉིད་ལ་འདིར་ཁུར་ཅིག།།ཊ་ཀི་ཧཱུྃ་ཛཿ  ལན་གསུམ། ཧོ། ཉོན་ཅིག་འདྲེ་མོ་འཁོར་བཅས་རྣམས།། སྔོན་ཚེ་པདྨ་རྒྱལ་པོ་ཡིས།། བར་ཁང་གཡུ་ཞལ་འབར་བ་རུ།། ཟབ་རྒྱས་གདམས་པའི་ཆོས་སྟོན་ཚེ།། བདག་ནི་རིག་འཛིན་འདུས་པའི་འཁོར།། མ་ཧཱ་གུ་རུའི་ཐུགས་སྲས་ཡིན།། ཧས་པོ་རི་ཡི་ཡང་རྩེ་རུ།། བོད་ཀྱི་ལྷ་སྲིན་ཐམས་ཅད་ལ།། དབང་བསྐུར་བཀའ་བསྒོ་མཛད་པའི་ཚེ།། དབང་དྲག་པདྨ་ཧེ་རུ་ཀའི།། ཞལ་མཇལ་གསུང་ཡང་མ་ཐོས་ཤིང་།། ཐ་ཚིག་དམ་ལ་མི་གནས་པའི།། གློ་བུར་ལྷགས་པའི་འདྲེ་མོ་ཁྱོད།། གནས་འདིར་སྡོད་པའི་དབང་མེད་ཀྱིས།། ས་འོག་མུན་པའི་གཏིང་རུམ་དུ།། རང་གི་ལས་ཀྱི་འབྲས་བུ་ཡིས།། ལོ་དགུའི་བར་དུ་གནས་པར་མཛོད།། འོན་ཀྱང་བྱང་ཆུབ་སེམས་ལྡན་ངས།། བཟའ་བཏུང་ལོངས་སྤྱོད་མཁོ་རྒུ་རྣམས།། ཕོངས་པ་མེད་པར་བསྔོ་བར་བྱ།། བྱང་སེམས་རྒྱུད་ལ་ནམ་སྐྱེས་ཚེ།། བསྟན་དང་བསྟན་པ་འཛིན་པ་ལ།། རང་ནུས་གང་ཡོད་རྩལ་ཕྱུངས་ཏེ།། མཐུན་རྐྱེན་མ་ལུས་སྒྲུབ་པར་མཛོད།། གང་ཏེ་ད་དུང་འཚེ་བྱེད་ན།། བདག་ཉིད་དྲག་པོའི་སྐུར་བཞེངས་ཏེ།། ཁྲོ་ཆུང་མེ་དཔུང་མཚོན་ཆ་ཡིས།། ཁྱེད་ཀྱི་མགོ་བོ་བརྒྱར་འགས་ཤིང་།། ལུས་ནི་དུམ་བུ་སྟོང་དུ་གཏོང་།། དེ་བས་ད་ལྟ་མྱུར་ཏུ་གཤེགས།། ས་མ་ཡ་ཧོ།། །།

Menu