ཡབ་རྡོ་སྨད་ཕྱུག་ཤུལ་འབྲོག་སྡེའི་ཕུར་ཚ་ཆོས་མགོན་དང་། ཡུམ་དགེ་རྩེ་བཟའ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་༼༡༨༧༡ ༡༩༥༣༽ལོར་མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས་སུ་སྐུ་འཁྲུངས། ཁྱིམ་དེར་ཁོང་དང་བསེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ། ཡང་སྤུན་གཅིག་བཅས་སྐུ་མཆེད་གསུམ་ཡོད། གསུམ་ཀ་རྔ་བའི་བསེ་དགོན་པས་བསེ་དབོན་སྤྲུལ་ཀུན་དགའ་ཡོན་ཏན་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད་ནས་གདན་སར་བཀོད། ཡོངས་འཛིན་ངག་དབང་རབ་རྒྱས་ལས་ཡི་གེ་འབྲི་ཀློག་སྦྱངས། འགྱ་བ་ཨ་ལག་གི་མདུན་དུ་སྔོན་འགྲོ་འབུམ་ལྔ་ནས་དབེན་གསུམ་བར་བཞུགས། དེ་ནས་གྲོང་མང་རྣམ་སྣང་རྡོ་རྗེའི་མདུན་སྦྱོར་དྲུག་གི་སྔོན་འགྲོ་ནས་དངོས་གཞིའི་ཉམས་ལེན་སོགས་སྨིན་ཁྲིད་མན་ངག་དུ་མ་མནོས། འཛམ་ཐང་དགོན་དུ་གཞུང་དང་མན་ངག་དུ་མ་ལ་གསན་བསམ་མཛད། དེ་ནས་རྫོགས་ཆེན་སོགས་སུ་རྫོགས་སྤྲུལ་ལྔ་པ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། གཞི་ཆེན་བཻ་རོ། གཟན་དཀར་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེ་སོགས་སྔ་ཕྱིར་དགེ་བའི་བཤེས་གཉེན་ལྔ་བཅུ་ལས་ཟབ་ཆོས་གསན། རྒྱ་གར་པཎ་ཆེན་ནག་མོའི་ཁོལ་དང་། ལ་སུམ་རྒྱལ་བ་བྱང་ཆུབ། གཏེར་སྟོན་མ་ཏི་རཏྣ་སོགས་ཀྱི་རྣམ་སྤྲུལ་ཡིན་པར་གྲགས། དགུང་གྲངས་ཉེར་དྲུག་ཙམ་ནས་གཡུ་ཁོག་ཏུ་ཕེབས་ཏེ་རྒྱ་ལྷ་མོ་ཚེ་རིང་ཐུན་མིན་གྱི་བླ་མར་བརྟེན་ནས་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་སྐོར་རྣམས་རྫོགས་པར་ནོད། གུ་རུ་རིན་པོ་ཆེ་པཎྚི་ཏའི་ཆ་བྱད་ཅན་གྱིས་ཞལ་གཟིགས་ལུང་བསྟན་པས་དམ་ཆོས་སྐུ་གསུམ་དགོངས་འདུས་ཞེས་ཟབ་མོ་དག་སྣང་གི་སྐོར་རྣམས་རིག་ཁམས་ནས་ཕབ། བདེ་གཤེགས་འབུམ་རྫོང་དཔལ་རི་བདེ་ཆེན་རྫོང་། །ལྷུན་གྲུབ་རྫོང་དང་དབང་དྲག་རོལ་པའི་རྫོང་། །འཆི་མེད་གྲུབ་རྫོང་གསང་ཆེན་རྡོ་བྲག་རྫོང། །རྨོག་ཆེན་རྣམ་རྒྱལ་བྲག་རྫོང་བདུན་གྱིས་མཚོན། །ཞེས་གསུངས་པ་ལྟར་རྫོང་བདུན་གྱི་གནས་སྒོ་གསར་དུ་ཕྱེས། གཡུ་མཁར་དགོན་དང་བཀོད་ལེགས་དགོན། སྨོན་ལམ་དགོན་བཅས་སུ་འཚོགས་བཞུགས་མཛད། ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ། གྲོལ་ཞིག་ཞིང་སྐྱོང་མགོན་པོ། ཀུན་བཟང་གཞན་ཕན་ཉི་མ། གྲོལ་ཞིག་ལམ་སྟོན་གླིང་པ། སྔགས་བན་རོལ་པའི་རྡོ་རྗེ། གར་དབང་འཇིགས་མེད་རྣམ་རྒྱལ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། གཡུ་ཁོག་པས་མགོ་ལོག་སྤྲུལ་སྐུ་ཞེས་འབོད། དགུང་གྲངས་གྱ་གཉིས་བཞེས་པ་ཆུ་སྦྲུལ་ལོར་སྐུ་གསུམ་དབེན་གནས་སུ་སྐུ་གཤེགས། གསུང་ཆོས་ལ། ཟབ་མོ་དག་སྣང་གི་སྐོར་སོགས་གླེགས་བམ་དུ་མ་ཞིག་ཡོད་ཀྱང་། དུས་འགྱུར་གྱི་ཁྲོད་གཏོར་བརླགས་སུ་སོང་བ་ལས་དེང་སྐབས་གླེགས་བམ་གསུམ་ཙམ་བཞུགས། ཞལ་སློབ་ནི། ངེས་ལེགས་མཆོག་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་དང་། འགྱུར་མེད་དཀོན་མཆོག་རྣམ་གཉིས་། བཀོད་ལེགས་དབོན་པོ་པདྨ་སྐལ་བཟང་། ནགས་འདབས་རྡོ་རྗེ་དཔལ་འཛིན། མཁར་ལོག་པདྨ་དངོས་གྲུབ་སོགས་སྐྱེས་ཆེན་དུ་མ་བྱོན།
གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པའི་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ལོ་རྒྱུས་ཐོར་བུའི་བང་སོ་དེབ་གཟུགས་ཅན། ལྡེབ་ངོས་188 ནས་192 བར།
ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།