མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་བསྟོད་པ།

བཀླགས་གྲངས། 474

མཁན་ཆེན་སྨྲ་བའི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ཀྱི་ཐུན་མོང་ཕྱི་ཡི་རྟོགས་བརྗོད་རིན་ཆེན་དང་པོའི་འདོ་མདངས་ཞེས་བྱ་བ།
མུན་པའི་ཁྲོད་ན་གསལ་བའི་སྒྲོན་མེ་སྟེ།།
དུས་ཀྱི་མཐའ་ན་དགེ་བའི་བཤེས་གཉེན་ཞིག།
ངརེས་དོན་ཆོས་ཀྱི་དེད་དཔོན་མཁས་བཙུན་བཟང་།།
སྨྲ་བའི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་རྒྱལ།།

ཆུང་ངུའི་དུས་ནས་རིག་པའི་གནས་ལ་ཕྱོགས།།
སྐད་དང་ཡིག་རིགས་མཁྱེན་པའི་རྩེ་མོ་ན།།
ཐ་སྙད་རྣམ་པར་ཤར་བའི་ཤེས་བྱ་ལ།།
བླ་བཟང་ཁོ་ལག་ཡངས་པ་མཚར་དུ་ཆེ།།

གང་ཐུགས་ཚིམ་པ་མེད་པའི་རྣམ་དཔྱོད་རྒྱ།།
ངེས་དོན་རིག་པའི་གནས་ལ་ཡིད་གཡོས་ཏེ།།
འཇིགས་མེད་རིག་པའི་གྲགས་དཀར་འཕུར་བའི་ཚེ།།
ཕུན་ཚོགས་འབྱུང་བའི་གནས་སུ་གོམ་ཁ་བསྒྱུར།།

༼ཐོས་པ༽
དང་པོ་ཐོས་པའི་དཔལ་ལ་གཅིག་ཏུ་དུང་།།
གུས་རྟགས་བརྩོན་པ་ཆུ་བོའི་རྒྱུན་ལ་ལྟ།།
རིན་ཆེན་གསེར་ལས་ལྷག་པའི་དུས་ཚོད་འདི།།
དམ་དུ་བཟུང་བའི་སྙིང་སྟོབས་ཡིད་རེ་དགའ།།

གསར་རྙིང་དཔེ་ཆ་བཟང་ངན་མི་ལྟ་བར།།
གནའ་དེང་མཁས་པ་དབྱེ་འབྱེད་མི་བྱེད་པར།།
ཕྱོགས་མེད་གཞུང་ལུགས་ཐོས་པའི་རྒྱན་དུ་འཁྱེར།།
ངོ་མ་བློ་གྲོས་ལྟོ་བ་ཡངས་ཤིང་ཟབ།།

ཀློང་ཆེན་པ་དང་བློ་བཟང་གྲགས་པའི་དཔལ།།
ས་སྐྱ་པཎ་ཆེན་སོགས་ལ་མིར་འཛིན་གྱི།།
བློ་ངན་སྐད་ཅིག་མ་སྐྱེས་གསུང་རབ་གང་།།
གཞུངས་ལུགས་གདམས་པར་ཤར་བའི་སྣོད་ལྡན་ཅིག།

དཀར་ནག་རྒྱ་ཡི་རིག་གཞུང་ཀུན་ཤེས་དང་།།
ཕྱི་གླིང་མཁས་པའི་ཚན་རྩལ་སྣ་མང་གི།།
ཀུན་ཕན་བརྗོད་དོན་མངར་མོ་ཏོག་གིས་བླང་།།
ཤེས་རབ་ཤེས་བྱའི་གནས་ལ་མཁའ་ལྟར་ཁྱབ།།

༼བསམ་པ༽
ཕྱི་ནང་གཞུང་ལུགས་བཟང་ངན་གང་མཇལ་ཡང་།།
འདི་ཡི་རྩོམ་པ་མཁས་དང་མི་མཁས་ཞེས།།
ཕར་ལ་ལྟ་བའི་བསམ་ངན་དོར་བྱས་ཏེ།།
རང་གི་བློ་གྲོས་རྒྱས་པའི་དཔལ་དུ་ལེན།།

ཐོས་མང་ཆོས་ཀྱི་དོན་ལ་དྲེད་འགྱུར་པས།།
རྣམ་དཔྱོད་བསམ་པའི་རལ་ཁ་དོན་ལ་འདེབས།།
ཡིན་མིན་སྒྲོ་འདོགས་བཅད་ཐང་རེ་རེ་ཡིས།།
ངེས་དོན་སྙིང་པོའི་བརྗོད་བྱ་རྒྱུད་ལ་སྐོར།།

རྒྱ་མཚོའི་རླབས་ལ་བརྒལ་པའི་དེད་དཔོན་གྱིས།།
རིན་ཆེན་གླིང་ནས་དོན་གྲུབ་ལོག་པ་བཞིན།།
རྣམ་དག་རིག་པས་གཞུང་དོན་བཙལ་བ་ཡིས།།
བདེ་གཤེགས་བཀའ་ལ་ཡིད་ཆེས་ནོར་བུ་རྙེད།།

༼བསམ་པ༽
བླངས་དོར་ལུགས་བཞིན་སྟོན་པ་དགེ་བའི་བཤེས།།
རྫོགས་པའི་སངས་རྒྱས་ཉིད་དུ་ལྟ་བ་ཡི།།
མི་ལྡོག་དད་པའི་ངེས་ཤེས་ཁོང་ནས་འཛུམ།།
བློ་ཆེན་བློ་ཡི་སྦྱང་བ་སྲིད་ན་རྒྱལ།།

ཞང་པ་མཁས་པའི་དཔྱིད་ཀྱི་དུས་དག་ཏུ།།
དོན་ཕན་འབྲས་བུ་བཏབ་པའི་ངང་ཚུལ་དང་།།
གཉིས་མེད་ཁྱེད་ཀྱི་ཐོས་དང་བསམ་པ་དག།
རྒྱུ་དང་འབྲས་བུའི་རིམ་པ་ཡོངས་སུ་བཞད།།

ཅི་དང་ཇི་ལྟར་གཟིགས་པའི་རིག་གཞུང་རྣམས།།
ལན་རེ་ཟུང་རེ་ལྟ་བའི་ཐན་ཐུན་གྱིས།།
ནམ་ཡང་ངོམས་པ་མེད་པའི་ཁྱེད་ཐུགས་མཁའ།།
ཉིན་བཞིན་ཉི་མ་འདྲེན་པའི་ཤིང་རྟ་དངོས།།
༼བསམ་པ༽
གཞུང་ལུགས་གདམས་པར་ཤར་བའི་དན་རྟགས་སུ།།
སྤང་བླང་ཕྲ་ཞིབ་འབྲེད་པའི་ལག་ལེན་དེས།།
བཀའ་གདམས་གོང་མའི་རྣམ་ཐར་མིག་ཏུ་བཀོད།།
ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ལགས།།
ལྷ་དང་བླ་མར་མི་ལྡོག་དད་པ་དང་།།
ལས་དང་རྒྱུ་འབྲས་མི་བསླུ་ཡིད་ཆེས་ཀྱིས།།
སྤང་བླང་ཞིབ་མོ་ཕྱག་ལེན་བསྟར་བའི་དགེ།།
ཁྱེད་ནི་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཉིད།།
ཤར་མི་ཉག་མཁན་པོ་ཚེ་རིང་དཔལ་འབྱོར་ནས་བརྩམས
༼སྒོམ་པ༽
རང་བྱུང་དུས་ཀྱི་རྒྱལ་མོའི་འགྲོས་དང་བསྟུན།།
ཁྲིགས་ཆགས་སྒོམ་པའི་དུས་ཚཽད་མི་གཏོང་བར།།
དད་དང་སྙིང་རྗེའི་ཆོས་ཀྱི་རྩ་བ་མཆོག།
སེམས་ཀྱི་གནས་ལུགས་དཔྱོད་པ་སྒོམ་པའི་རྩེ།།
སྔོན་སྦྱངས་ལྷན་དུ་སྐྱེས་པའི་ཡོན་ཏན་ལ།།
སྦྱངས་སྟོབས་རྣམ་དག་རིག་པས་རྩི་བཏང་པས།།
བཅོས་མིན་སྙིང་རྗེ་ཆེན་པོའི་གཤིས་སུ་ཕེབས།།
མཚོན་བྱེད་ལུས་དང་ངག་ལ་རྣམ་པར་ཤར།།
ཐབས་བརྒྱ་ལུས་ཀྱིས་འབད་པ་འབུམ་བསྟནས་ནས།།
ཉམ་ཐག་རེ་རེའི་སྲོག་གི་མགོན་དུ་བྱོན།།
མ་འདྲེས་འགྲོ་བའི་མཛའ་བཤེས་དོན་ལ་གནས།།
བླ་སྤྲུལ་གྲྭ་ཚང་དགོན་སྡེ་སོ་སོའི་བར།།
མཐུན་འབྲེལ་བཟང་པོས་དམར་མཆོད་བཅད་པ་དང་།།
ཤ་ཁྲག་ཟས་ལ་སྤྱོད་པའི་སྲོལ་ངན་ཉིད།།
གཏན་དུ་སྣུབ་པའི་ལས་ལ་གཅིག་ཏུ་བརྩོན།།
དད་དང་སྙིང་རྗེའི་མཆོད་སྦྱིན་འཛད་མེད་གནང་།།
རང་བྱུང་སེམས་ཀྱི་གསང་བ་བཅོས་མིན་ཞིག།
བླ་མའི་མན་ངག་སྟོབས་ཀྱིས་རིག་པ་ཡིས།།
ངོ་མཚར་རྒྱལ་བའི་མཛོད་གྲུབ་རིང་ནས་རིང་།།
འོད་གསལ་རྫོགས་པ་ཆེན་པོའི་མཛོད་འཛིན་ཡིན།།
༼འཆད་པ༽
རང་ཉིད་མཁས་གྲགས་འདོད་པ་བྲལ་བ་ཡིས།།
མདོ་སྔགས་གཞུང་བརྒྱ་འཆད་པའི་སྤོབས་པ་དགེ།།
གང་ལ་བཅར་བའི་སློབ་མའི་ཐུགས་རྒྱུད་ལ།།
ཀུན་ནས་ཕན་པའི་འཆད་ཐབས་བདུད་རྩི་དངོས།།

ཞི་དུལ་ཀུན་སྤྱོད་བསླབ་བྱ་སྔོན་འགྲོ་ཡིས།།
སྣོད་ལ་འཚམས་པའི་ལེགས་བཤད་རེ་རེ་བཞིན།།
གཞུང་དོན་ཚིག་འགྲེལ་སྤྱི་དོན་མཐའ་དཔྱད་བཅས།།
རྒྱས་བསྡུས་རན་པ་ཉནཔོའི་བློ་དང་བསྟུན།།

དགོས་ངེས་དགག་སྒྲུབ་རིགས་པའི་འཕྲུལ་འཁོར་བརྒྱ།།
གནད་དུ་ཕུག་པའི་གསལ་བཤད་རྣོན་པོ་ཡིས།།
ཐེ་ཚོམ་མདུད་རྒྱ་གཏོར་བའི་སྨྲ་བ་དང་།།
རང་གཞན་ལུགས་གཉིས་འབྱེད་པའི་ལེགས་བཤད་ཡོད།།

ཞལ་གསུང་ཆོས་ཀྱི་བདུད་རྩིའི་ཟབ་དོན་རེ།།
མཀས་བླུན་སུ་དང་སུ་ཡིས་ལེགས་ནོད་ཚེ།།
དེ་དང་དེ་ཡིས་བློ་ལ་འབབ་མཐོང་བའི།།
ཡབ་ཆེན་འཇིགས་མེད་བླ་མ་དངོས་ལ་འཁུ།།
༼རྩོད་པ༽
ཐལ་མོའི་གསེང་སྒྲ་དགོད་པའི་རོལ་མོ་དང་།།
ལྷན་ཅིག་ལུས་ཀྱི་གར་སྟབས་འཁྱུགས་པ་ཡིས།།
རྩོད་ངག་རིགས་པའི་མེ་ཆར་ཐོག་བཞིན་འབེབས།།
གང་ལ་བརྒལ་བ་ཀུན་ནས་བཅའ་འཐོར།།

ཁྱོད་ནི་བླུན་པོ་ང་ཡིས་མི་རྩོད་ཅིང་།།
མཁས་ཐག་ཆོད་ན་རྒོལ་བར་མི་འོས་ཞེས།།
ཁྱད་གསོད་བརྙས་བཅོས་སྤངས་ཏེ་བདེན་པའི་ཚིག།
སུ་དང་གང་ལ་རིགས་པའི་ཕུ་ཐག་གཤིབ།།

བོད་རྒྱ་སུ་ལ་ཆོས་དང་ཚན་རིགས་སོགས།།
རྩོད་པའི་ངག་སྦྱོར་ཡང་ན་འབེལ་གཏམ་གྱིས།།
མཁས་པས་ལེགས་བཤད་བླུན་པོའི་ངག་ལས་ཀྱང་།།
ཡོངས་སུ་ལེན་པའི་ངང་ཚུལ་ཡིད་རེ་སྐྱོ།།
༼རྩོམ་པ༽
བརྗོད་དོན་རྣམ་པར་གསལ་བའི་ཤེལ་དཀར་ལ།།
ཚིག་ཉུང་བཀོད་པའི་ཁྱད་པར་ཉམས་རེ་དགའ།།
སྔོན་མེད་ལེགས་བཤད་གསར་བ་ཕན་སེམས་ཀྱིས།།
གངས་ཅན་པ་ལ་བྱིན་པས་དྲིན་རེ་ཆེ།།

ཆོས་དང་འཇིག་རྟེན་རིས་སུ་མ་ཆད་པར།།
ཀུན་ལ་བརྩེ་བས་བསླངས་ཏེ་ལུགས་གཉིས་ཀྱི།།
བླང་དོར་དུས་དང་མཐུན་པའི་གསར་རྩོམ་རྣམས།།
གངས་ཀྱི་མུ་ཁྱུད་བརྒལ་ཏེ་འཛམ་གླིང་ཁྱབ།།

མཐོན་པོར་ངོ་དགའ་སྒོར་གྱི་རྙེད་རེ་ཡིས།།
རང་རིགས་རིག་གཞུང་རྫོད་པའི་ཅོལ་ཆུང་དང་།།
གསར་དར་ཚན་རིག་ཐན་བལྟས་རྙིང་ཞེན་གྱི།།
ཕྱོགས་ལྷུང་བྲལ་བའི་རྩོམ་ཡིག་ཟུང་དུ་འབྲེལ།།

མདོར་ན་གང་གི་འཆད་རྩོད་རྩོམ་པ་ལ།།
དངོས་དོན་བརྗོད་བྱར་ཉེ་བའི་ཟབ་གནད་རེ།།
མཆོག་དམན་སུ་ལའང་འཚམས་པའི་གདམས་ངག་རེ།།
སྔར་མེད་གསར་བའི་ལེགས་པར་བཤད་པ་རེ།།

མི་འཕྲོག་རིག་པའི་ངེས་ཤེས་ལྷན་དུ་སྐྱེས།།
རིགས་ཤིང་འཐད་སྒྲུབ་སྨྲ་ལ་ཐོགས་པ་མེད།།
དུས་ཀྱི་མཐའ་འདིར་ལྔ་རིག་མཁས་པ་ཞེས།།
ཕྱི་ནང་གཞུང་མཁྱེན་པའི་བློ་ལྡན་ཡིན།།
༼རྒྱུན་སྤྱོད༽
རྩོལ་མེད་ལས་ཀྱིས་རྙེད་པའི་ཟས་གོས་ཙམ།།
ཇི་ལྟར་རིག་པེ་ལོངས་སུ་སྤྱད་པ་ཡིས།།
རྩོལ་སྒྲུབ་བྲལ་བའི་བྱ་བཏང་ངོ་མ་ཞིག།
ཀུན་ཤེས་ཀུན་མཐུན་མཛད་སྤྱོད་ཡིད་ཀར་འོང།།

སངས་རྒྱས་བསྟན་པའི་ལ་རྒྱ་གཙུག་ཏུ་ཁུར།།
རིག་པ་སྨྲ་བའི་མགོ་རྣ་མཆོག་ཏུ་འཛིན།།
རང་རིགས་བོད་ལ་ཕན་པའི་རྨང་གཞི་འཛུགས།།
སྡང་ཞུགས་ཕལ་བའི་ལྟ་སྤྱོད་དུག་བཞིན་སྤོང་།།

ལེགས་གསུང་འདུལ་བ་རྒྱ་མཚོའི་བླངས་དོར་ཞིབ།།
གཞན་ཕན་བྱང་ཆུབ་སེམས་ཀྱིས་སྒོ་གསུམ་བསྡམས།།
ངེས་དོན་རྫོགས་པ་ཆེན་པོའི་ཉམས་ལེན་བཟང་།།
མདོ་སྔགས་ཟུང་འཇུག་ཕ་གཅིག་བླ་མའི་སྲས།།

ལུགས་དང་མཐུན་པའི་ཞི་དུལ་ལྷོད་པོ་ལས།།
དགོས་མེད་འགྱིང་ཚུགས་ཆེ་སྟབས་རྩད་ནས་སྤངས།།
འོད་ཆེན་གོས་ཀྱིས་མི་བརྒྱན་སློག་ཧྲིལ་གྱིས།།
ང་རྒྱལ་མཐོ་བའི་བྱ་བཏང་ཚུལ་འཆོས་མེད།།

མི་དང་དུད་འགྲོ་རིས་མེད་སེམས་ལྡན་དང་།།
སྐྱ་སེར་ཕོ་མོ་མི་རིགས་དབྱེ་འབྱེད་པར།།
གང་ལ་ཕན་པ་སྣ་རེའང་འབད་པས་སྒྲུབ།།
ངེས་དོན་སེམས་དཔའ་ཆེན་པོའི་རིགས་བཟང་སད།།

མཁས་པའི་ཚུལ་དགུ་བཟུང་བའི་དམ་པ་གང་།།
ཐུགས་ལ་ཇི་ལྟར་ཤར་བའི་གཞན་ཕན་རྣམས།།
མཐར་ཕྱིན་དུས་ཀྱི་སྣེ་མོར་མ་སོན་པར།།
ནད་མེད་ལང་ཚོ་རྒྱས་པའི་ཞབས་བརྟན་ཤོག།

རྩོམ་པ་པོ། ཤར་མི་ཉག་པ་མཁན་པོ་ཚེ་རིང་དཔལ་འབྱོར།

 

Menu