བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་བཞུགས་སོ།

བཀླགས་གྲངས། 103

  ༄༅། །ཨ འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་། །རང་གདངས་མ་འགག་ཡེ་ཤེས་འོད་ལྔའི་ཀློང་། །ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ། །རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད། །དཀར་གསལ་མཛེས་འཛུམ་པཎྚི་ཏ་ཡི་ཆས། །ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །

རང་སྣང་དག་པའི་རྒྱན་དུ་ལྷམ་མེར་གསལ། །གསོལ་བ་གདབ་པ་ནི། གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ། །འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཅི་ནུས་བསགས། མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར། །རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ། །རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་མ་དང་། །སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ། ། ཨོཾ་ཨཱ་ཧཱུཾཿཧོཿ རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་བདེ་ཆེན་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། ། གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཉམ་ཉིད་བདེ་བ་ཆེན་པོར་ཐུགས་དམ་བསྐངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ། ཀུན་མཁྱེན་མི་ཕམ་པས་སོ།

Menu