བྲམ་ཟེའི་སྔགས་རྒོད་བདུད་རྩིའི་ཐིགས་པ་བཞུགས།

བཀླགས་གྲངས། 584

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནད་བཞི་བརྒྱ་རྩ་བཞིའི་སྔགས་ཟབ་མོ་འཇིག་རྟེན་ཁམས་ན་དཀོན་པ་ནི། བྲམ་ཟེའི་སྔགས་རྒོད་ཐང་ཆུང་འདི། །ཡིག་འབྲུ་བཞི་བཅུ་ཞེ་གཅིག་གིས། །ནད་རྣམས་མ་ལུས་སེལ་བ་ཡིན། །ཞེས་གསུངས་པའི་སྔགས་ནི། ཨོཾ་ཐིབས་སོ་ཐིབས་སོ་བྷྲ་ཝ་ཐིབས་སོ། །རྒྱུད་ན་རྒྱུད་ན་ཤེལ་ལ་རྒྱུད་ན། གྲམ་ན་གྲམ་ན་ཤེལ་ལ་གྲམ་ན། ཤིགས་སོ་ཤིགས་སོ་ཚིལ་ལོ་ཚིལ་ལོ་ཐེད་ཐེད་ཞི་བར་གྱུར་ཅིག་སྭཱ་ཧཱ། ཞེས་པ་སྟེ། དང་པོར་གནས་གཙང་དབེན་པར་མཎྜལ་པད་འདབ་བཞི་ཡི་མདའ་ལ་དར་དམར་བཏག་པ་ནས་བྲེ་གང་གི་སྟེང་དུ་བཙུགས་པ་རྟེན་དུ་བཟུང་། བུམ་པ་གཅིག་བཅའ། དཀར་གཏོར་འབུལ། མཚམས་བཅད། སྐྱབས་སེམས་བྱ། མི་རྟོག་པ་བསྒོམ།

སེམས་ཅན་སྤྱི་དང་ནད་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ངང་ལས། ཡི་གེ་རཾ་དམར་པོ་མདུན་གྱི་བར་སྣང་ལ་བསམས་ཏེ་རྃ་ཞེས་ངག་ཏུ་བརྗོད་པས་རང་ལ་ཐིམ་པས་སྐད་ཅིག་གིས་རང་བྲམ་ཟེ་སྐུ་མདོག་ནག་པོ། སྣ་ཆེ་ལ་ཟོར་མཐོ་བ། མིག་གྲུ་གསུམ་དམར་ལ་ཟབ་པ་བསྒྲད་པ། སྨ་ར་དང་ཨག་ཚོམ་སེར་པོ་བྲང་གི་རྒྱ་མདོར་སླེབས་པ། གཅེར་བུ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ་གྱེན་དུ་བརྫེས་པ། ཤ་སྐམ་ཞིང་ཁྲོ་གཉེར་ཅན། གཡས་མིའི་ཐོད། གཡོན་སྡིགས་མཛུབ་ཀྱིས་མེ་ཡི་ཞགས་པ་བསྣམས་པ། ཞལ་དང་སྐུ་ལས་མེ་ཡི་ཚ་ཚ་འཕྲོ་བ༑ མེ་དཔུང་འབར་བའི་ནང་ན་བཞུགས་པའི་ཞལ་ནས་མེ་འོད་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསམས་ལ་སྔགས་འབུམ་ཕྲག་གཅིག་སོགས་ཇི་འགྲུབ་བཟླའོ། །སྔགས་བཟླ་དུས་ཁྲག་དང་མཚེར་པ་ལྒོག་པ་མི་བཟའ། སྨྲ་བཅད་བྱ་མོ་རིགས་ལ་འཛེམ། ནད་པ་གཙང་སྦྲ་བྱས་ནས་གདབ། ལས་སྦྱོར་དུས་སུའང་ནད་བབ་ཆེ་ན་མཚམས་བཅད་ནས་མང་དུ་བཟླ། སྔགས་འདེབས་ཁར་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བདག་གི་ངག་བྱིན་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ཡང་སྔགས་འདི་བཻ་རོ་ཙ་ནས་རྒྱ་ནག་ནས་བསྒྱུར་བ་དང་། བྲམ་ཟེ་མཆོག་སྲེད་ཀྱི་གདམས་པ་ཇོ་བོ་རྗེ་ཨ་ཏི་ཤའི་རྒྱ་དཔེ་ལས་བྱུང་བ་དང་།གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པའི་དགོངས་འདུས་ཐེམ་མེད་ཀྱི་སྔགས་ལས་ཀྱང་བྱུང་བ་ཡིན་ལ། བདུད་རྩི་སྙིང་པོའི་ཆ་ལག་ཕན་བྱའི་སྔགས་འབུམ་དཀར་པོ་ལས། ཨོཾ་ཨུ་ཤ་ནག་པོ་གྱིམ། སོད་སོད་ཆོད་ཆོད་དུལ་དུལ་ནན་ནན། ཞེས་པ་འདི་གོང་གི་སྔགས་ཀྱི་མགོ་ལ་བཏགས་ནས་སུམ་འབུམ་བཟླ། ཨོཾ་ཐིབས་སོ་མན་ཆད་ཀྱི་ཡིག་འབྲུ་ཞེ་གཅིག་པ་དྲུག་འབུམ་བཟླས་པས་གོང་བསྙེན་ལེགས་པར་ཐེམ་པར་གསུངས།  དགོངས་འདུས་ཐེམ་མེད་སྐོར་ལས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཨོ་རྒྱན་པདྨ་འབྱུང་གནས་གནམ་ལྕགས་ཀྱི་བྲམ་ཟེ་ཆེན་པོ་དྲག་སྔགས་ཐོག་ལྟར་འཕེན་པ་དགུ་འདུས་ཞེས་བྱ་བ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་{ལས་སྦྱོར་དུས་ཐེད་ཐེད་རྗེས་སུ་ནད་ཐམས་ཅད་ཅེས་སྦྱར་བ་ཡོད་འདུག།}གཉིས་ཁྲོས་ཤིང་མཆེ་བ་གཙིགས་པ་གཡས་སྤུ་གྲི་ངར་མ་ནད་ལ་ཕྱར་བ།  གཡོན་ཀ་པཱ་ལ་བཟེད་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་ཅན།  གཅེར་བུ་མུ་ཏིག་གི་ཕྲེང་བས་བརྒྱན་པར་བསྒོམ་པར་གསུངས། གཞན་དམིགས་པ་གོང་འདྲ། སྔགས།  ཨོཾ་ཐིས་སོ་ཐིས་སོ་རྣི་ཝ་ཐིས་སོ། །རྒྱུད་ན་རྒྱུད་ན་ཤེལ་ལ་རྒྱུད་ན༔ གྲམ་ན་གྲམ་ན་ཤེལ་གྲམ་ན་ཤེལ་གྲམ་ན་ཤེལ་གྲམ་ན༔{ཟ་འདུས་མ་དབེར་འདུག་སྟེ་དཔྱད།}ཤིག་སོད་ཤིག་སོད༔ ཚིག་ལོ་ཚིག་ལོ༔ ཐེད་ཐེད༔ཉི་ཕུར་ཐིས་ཟླ་ཕུར་ཐིས༔ སྐར་ཕུར་ཐིས༔ ནད་གདོན་སྡིག་སྒྲིབ་ཞི་བར་གྱུར་ཅིག་རཀྵ་ཡེ་སྭཱ་ཧཱ༔ ཞེས་དང་། ཡང་སྔགས་འདྲ་མིན་ཁ་ཚར་བཏགས་པ་ནི།  ཨོཾ་ཐི་སོ་ཐི་སོ་ལྕ་བ་ཐིས༔ རྒྱུག་ན་རྒྱུག་ན་ཤ་ལ་རྒྱུག་ན༔ གྲམ་ན་གྲམ་ན་ཤ་ལ་གྲམ་ན༔ ཤིགས་སོ་ཤིགས་སོ་ནད་ཤིགས་སོ༔ ཆིལ་ལོ་ཆིལ་ལོ་ནད་ཆིལ་ལོ༔ ཐེད་ཐེད་ནད་ཞི་བར་གྱུར་ཅིག༔ ཛྭ་ལ་རཾ་ཡེ་སྭཱ་ཧཱ༔ ཞེས་གསུངས་པ་རྣམས་འདྲ་འདྲ་ཡིག་ནོར་མིན་པར་སྔགས་ཀྱི་འདོན་ཐང་མི་འདྲ་བའི་མན་ངག་ཟབ་མོ་གང་ལྟར་བཟླས་ཀྱང་དོན་ཡོད་པ་ཞིག་ཡིན་པར་གདའ་སྟེ་སྔགས་རྣམས་ལ་འདྲ་མིན་འདི་འདྲ་འབྱུང་བར་མཐོང་། དེ་ཡང་ནད་སོ་སོ་ལ་མགོ་དང་ཀླད་པ་ན་ན་ཕོ་རོག་དང་སྒྲོ་གཡས་པར་བསྔགས་ནས་བྱབ་པར་བྱ། མིག་ན་ན་ཕུག་རོན་དང་སྒྲོས་བྱབ། རྣ་བར་འབྲུ་མར་རམ་མར་དཀར་བསྔགས་ལ་ན་སར་བྱུག ལྕེ་དང་ལྐོག་མ་ན་བར་ཐབ་ཁུང་གི་ས་ཚིག་དམར་པོ་ཆུ་ནང་བགྲུངས་པ་ལ་བཏབས་ཏེ་བླུད། སྣ་དང་མཚུར་ནད་ལ་ཆུ་བསྔགས་ལ་བླུད་ཅིང་གཏོར། སོ་ན་བར་འུག་སྒྲོས་བྱབ། གཉའ་ལྟག་དང་བུ་ག་ན་བར་མར་དཀར་བསྔགས་བསྐུ། སྣ་ཁྲག་མ་ཆོད་པ་ལ་ཀཪྴ་པ་ནིའི་ཕྱེ་མ་བསྔགས་ཤིང་གླན། འབྲས་དང་སྐྲངས་ལྷོག་དང་ལྦ་བ་ན་ན་མདའ་བསྔགས་ལ་བརྒྱབ་ཅིང་བྱབ། ལྷོག་པ་ལ་ཆུ་བསྔགས་ཤིང་བླུད་ལ་གཏོར། མདའ་བྱ་རྒོད་མ་ལ་བསྔགས་ཏེ་བརྒྱབ་ཅིང་བྱ་བ།སྐྲན་ལ་གོང་མོ་སྒྲོ་བསྔགས་ཏེ་བྱབ། ཕོ་བ་དང་རྒྱུ་མ་ན་བ་དང་སྦོས་པ་ལ་ཚ་ཆུར་བསྔགས་ལ་བླུད། ལྷོག་པར་སྔགས་ཆུ་བླུད་ཅིང་བཏབ། སྐྲངས་ནད་ལ་གོ་བོའི་དང་རུ་དང་བོང་ང་བསྔགས་ལ་བརྒྱབ།  གཟེར་ཐབས་སུ་ན་བ་ལ་ཡུངས་ཀར་བསྔགས་ལ་གཏོར། གློ་བར་རྟའི་འོ་མའམ་གངས་ཆུ་བསྔགས་ལ་བླུད། ཙན་དན་དཀར་དམར་ལའང་བསྔགས་ནས་ཁོང་དུ་འཐུང་། མཁྲིས་པ་ཤ་སེར་མིག་སེར་དང་གསུས་ནད་དང་མཆིན་ནད་དང་ཆུ་སེར་གྱི་ནད་རྣམས་ལ། རི་མཁྲིས་ཉ་ཤ་སྤྱང་ཤ །སུམ་ཅུ་ཏིག་ཤུ་དག་རྒྱ་ལྕམ་གི་ཝཾ་སིནྡྷུ་ར་རྣམས་སྔགས་ཆུར་བསྲེས་ལ་བླུད། ཡང་ན་མཁྲིས་པར་མཁྲིས་སྣ་དང་སྔགས་ཆུ་བླུད། མཆིན་པར་རའི་འོ་མ་ཕོ་བ་རྒྱུ་མ་མཁལ་སྐེད་ན་ཞིང་སྦོས་པར་ཚྭ་ཆུ། བད་ཀན་ལ་ལྒ་སྐྱའམ་ལྕུམ་ཁུ། འཁྲུ་བ་ལ་གངས་ཆུ། རིམས་ལ་ཆུ་མིག་སྣ་ཚོགས་ཀྱི་ཆུ། སྲིན་ལ་དྭ་བའི་རྩ་བ། གླང་ཐབས་ལ་ཚྭ་ཆུ། ཆུ་འགག་པ་ལ་རྒྱ་ཚྭ། མ་ཞུ་བའི་མཆིལ་བའི་ཤ བུ་ཆུང་བུ་མོ་ན་བ་ལ་མའི་ནུ་ཞོ་ལ་ཅུ་གང་བཏབ། བུ་དང་ཤམ་མ་ཐོན་པ་ལ་སྐག་ཆུའམ་ལྕུམ་རྩའི་ཁུ་བ། གྲུམ་བུ་སྣ་ཁྲག་མཚོན་ཁྲག་ལ་ཆུ་གཙང་སྟེ་དེ་རྣམས་བསྔགས་ལ་བླུད་ཅིང་ན་སར་བཏབ ། རྨ་ཡི་ཁྲག་མ་ཆོད་ན་ཆུ་ནང་གི་རྡོ་བརྡར་ལ་ཤ་རུ་བསྲེགས་པའི་ཐལ་བས་གླན་ཏེ་སྔགས་བཏབ་པས་ཆོད། ཤ་དུག་སྦྱར་དུག་ཁྱི་དུག་རྡོ་དང་ལྡུམ་བུའི་དུག་སོགས་མདོར་ན་དུག་ནད་ཡིན་ནོ་ཅོག་ལ། ཨ་རུ་ར་དང་། བྱ་རྒོད་གཤོག་པ། མི་རྒན་སེན་མོ། བྱེ་རུའི་ཤིང་རྣམས་བསྔགས་ལ་བཞར་ཞིང་། ཁྲོ་ཆུ་ལ་བསྔགས་ཏེ་བླུད། སྔགས་ཆུ་ལུས་ལ་བསྐུ་ཞིང་ཁོང་དུ་བཏང་། ཡང་ན་མཁར་གོང་མེར་བསྲེགས་ཆུ་གྲང་དུ་བསྐྱུར་བའི་ཐང་ལ་བསྔགས་ཏེ་བླུད། ཁ་དུག་གྲང་དུག་མ་ཞུ་སོགས་དུག་རུ་ཐམས་ཅད་ལ་ཐེང་བས་ཆོག མི་ཕྱུགས་རུས་པ་ཆག་ན་རྨ་ལ་སྔགས་བཏབ་པས་འཚོ། དྲེག་དང་འབཾ་དང་འབུ་རུ་སྣ་ཚོགས་ཤུ་ཐོར་གཉན་འབྲུམ་ཁྱི་འབྲུམ་སྡེར་རེབ་ཀྱི་རིགས་ཐམས་ཅད་ལ་ཅུ་གང་གླ་རྩི་ཤུ་དག་ནག་པོ། བསེ་རུ་ནག་པོ། ཨ་རུ་ནག་པོ།  གུ་གུལ་བོང་ང་ནག་པོ་རྣམས་ཞིབ་བཏགས་ཆང་སྦྱར་བསྔགས་ལ་བླུད་ཅིང་བྱུག་པས་ཕན། སྨྱོ་བ་དང་ཡེ་འདྲོག་གི་རིགས་དྲག་པོ་དང་། གློ་ལུ་རྟག་ཏུ་ན་བ་ལ་རལ་གྲི་བསྔགས་ལ་བརྒྱབ་ཚུལ་དང་བྱབ་ཅིང་དེད་པར་བསམ། མཁལ་མ་དང་རྐང་པ་ན་བར་སྐུད་པ་དཀར་པོ་ལ་རྒྱ་ཚྭ་སུག་རྨེལ་མཁལ་ཞོ་བཏབ་ཅིང་བསྔགས་ལ་དཀྲི། སྐེད་པ་ན་བར་སྐུད་པ་སྔོ་དམར་བསྔགས་ལ་དཀྲ། ཡང་རྐང་པ་ན་བར་ལ་ཕུག་བསྔགས་ཤིང་བྱུག དར་དཀར་པོ་བསྔགས་ལ་དཀྲི། པུས་མོ་ན་བར་མར་རྙིང་བུ་རམ་སྦྱར་བར་བསྔགས་ཤིང་སྦྱར་དར་བསྔགས་ལ་དཀྲི། མོའི་བང་ཁྲག་མ་ཆོད་ན། རྡོ་ནག་གི་ཕྱེ་མ་བསྔགས་ལ་བཏབ་ཅིང་རྒྱུ་ཞབས་སུ་དཀྲིས་པས་ཕན། མེས་ཚིག་པ་ལ་དལ་ཆུ་སེར་དཔྱད་ལ་ཆུ་སྔགས་ལ་ཕུ་བཏབ། ཐབ་ཀྱིས་ཟིན་པ་ལ་ར་སྤུ་དང་ཁྱི་བལ་བསྔགས་ལ་དཀྲིས། ཁྱི་རྨ་ལ་ཁྱིའི་སྤུ་བསྔགས་ལ་བཏབ། གཞན་ཡང་ནད་ལ་གང་ཕན་གྱི་སྨན་ལ་བཟླས་ཏེ་བཏང་། ནད་ངོས་མ་ཟིན་པའམ་སྤྱིར་ནད་ཀུན་ལའང་ཡུངས་ཀར་ལ་སྔགས་བཟླས་ཏེ་བུམ་པར་བསྟིམས་པའི་ཆུ་བླུད་ཅིང་ཁྲུས་བྱའོ། །གཞན་ཡང་དྲི་བཟང་གི་ཆུ་ལ་བསྔགས་པས་ནད་ཐམས་ཅད་ལ་ཕན། སྔགས་བརྒྱ་རྩ་རེ་བཟླས་ནས་སྔགས་མཆིལ་དང་ཕུ་བཏབ་པས། ནད་གང་ལ་ཡང་ཕན་ངེས་སོ། །སྔགས་ལ་ཡིད་ཆེས་པ་གལ་ཆེའོ། །ཞེས་སོ། །གུ་རུ་པདྨས་མཚོ་རྒྱལ་ལ་གདམས་པའི་མན་ངག་རྟ་བདུན་མ་ཞེས་ཀྱང་བྱ། ཇ་སིག་དགུ་མ་དང་། གསེར་སྲང་དགུ་མ་ཞེས་བྱ་བ་ཆིག་བརྒྱུད་བཀའ་རྒྱ་ཅན་ཟབ་མོའོ།།གཞུང་དོན་གསལ་པོར་མི་ཕམ་པས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ། 

Menu