རྫོགས་ཆེན་དགོན་པས་བསོད་རྒྱལ་རིན་པོ་ཆེར་བརྟན་བཞུགས་ཕུལ།

སྤྱི་ལོ་༢༠༡༩ ཟླ་༠༡ པོའི་ཚེས་༢༥ ཉིན་རྫོགས་ཆེན་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དང་རྫོགས་ཆེན་དགོན་པའི་སྐུ་ཚབ་ཏུ་ལྡི་ལེ་བརྒྱུད་བཞུགས་གནས་སུ་ཆེད་བཅར་གནང་ནས་སྤྱི་ལོ་༢༠༡༩ ཟླ་༠༡ པོའི་ཚེས་༢༧ དང་། བོད་ཚེས་༢༢ ཉི་མ་མེ་བཞིའི་འགྲུབ་སྦྱོར་དང་། མེ་རླུང་འཕྲོད་པའི་དུས་ཚེས་ཕུན་ཚོགས་ཉིན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་ཉིན་གསུམ་སྔོན་དུ་གྲུབ་དབང་༧རྒྱལ་བ་རྫོགས་ཆེན་དགོན་དུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་ཚད་ལྡན་གསུང་ནས་ཚེ་རྫས་དང་རྟེན་གསུམ། གཞན་བརྟན་བཞུགས་ལ་ཉེར་བར་མཁོ་བའི་བཀྲ་ཤིས་པའི་རྫས་སོགས་ཕུལ་སྐབས་བསོད་རྒྱལ་རིན་པོ་ཆེ་ནས་ཐུགས་དགྱེས་པ་ཆེན་པོས་རྟེན་འབྲེལ་ལེགས་པའི་ཞལ་བཞེས་དང་། རྫོགས་ཆེན་རིན་པོ་ཆེ་ལ་ཞལ་པར་བརྒྱུད་ནས་བཀའ་དྲིན་ཆེ་ཞུས་འདུག་པ་མ་ཟད་༧སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་ནས་གསུངས་བའི་རྫོགས་ཆེན་རིན་པོ་ཆེའི་ཞབས་བརྟན་བསྐྱོར་ཞིང་།

གཞན་གནད་དོན་མང་པོའི་སྒང་ནས་གསུང་གླེང་ཞུབ་རྒྱས་གནང་ཡོད།
སྐབས་དེར་རྫོགས་ཆེན་རིན་པོ་ཆེ་ནས་ཕུལ་བའི་གསུངས་འཕྲིན་ནང་དུ་འཁོད་དོན།
སྔ་འགྱུར་བསྟན་པའི་གསལ་བྱེད་སྔགས་རིགས་འཛིན་པ་གཏེར་ཆེན་བསོད་རྒྱལ་རིན་པོ་ཆེ་མཆོག་གི་མདུན་སར། ཆེད་དོན། དེ་རིང་འདི་ག་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་སྐྱབས་གནས་དགེ་འདུན་འདུས་མང་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཆེ་སྒྲུབ་ཚད་ལྡན་སྔོན་སོང་འོག་ངོས་ཀྱི་ཚབ་ཏུ་རྫོགས་ཆེན་ལས་ཐོག་མཁན་པོ་མཆོག་ཆེད་ཕེབས་ཀྱིས་ཚེ་རྫས་དང་། མནྜལ་རྟེན་གསུམ་བཅས་འདེགས་འབུལ་ཞུ་བ་ལགས་ན་དེ་བཞིན་བསྟན་པ་སྤྱི་དང་བྱེ་བྲག་གི་ཆེད་དུ་ཡུན་གནས་བཞུགས་པར་ཞལ་བཞེས་གནང་སྐྱོང་ཡོང་བར་མཁྱེན་ཅེས་དང་།
མཚོ་སྐྱེས་རྗེ་དང་ཚེ་འཛིན་ལྷ་ཚོགས་དང་།།
བརྒྱུད་གསུམ་བླ་མ་སྲུང་མར་བཅས་པ་ཡིས།།
བསྟན་པ་འཛིན་ལ་མཐུ་ནུས་འགྲན་བྲལ་བ།།
གཏེར་ཆེན་བསོད་རྒྱལ་ཞབས་པད་བརྟན་གྱུར་ཅིག།
བོད་རབ་གནས་ས་ཁྱི་ལོའི་རྒྱལ་ཟླའི་ཚེས་༡༥ ཉིན།
རྫོགས་ཆེན་བདུན་པ་འཇིགས་མེད་བློ་གསལ་དབང་པོ་ནས།
བཅས་འཁོད་ཡོད་པའི་ཕྱག་ཡིག་ཅིག་གནང་འདུག་ཅིང་སྤུན་ཟླ་རྒན་གཞོན་གཉིས་ཕན་ཚུན་ཐུགས་སྨོན་ཟབ་མོ་གནང་ཡོད་པ་བཅས།
Menu