ནད་རིམས་ཀུན་ཐུབ་སྔགས་རྒོད་ཟབ་མོ་བཞུགས༔

བཀླགས་གྲངས། 907

གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྔགས་ཟབ་མོ་འདི་བལ་པོའི་གཏེར་སྟོན་བཛྲ་མ་ཏིས་ཐུགས་སྒྲུབ་ཀྱི་ལས་ཚོགས་ལས་བྱུང་བ་དང་། གཞན་ཡང་གཏེར་ཁ་གསར་རྙིང་དུ་མར་ནད་རིམས་སྲུང་བའི་སྔགས་ཟབ་ཤོས་སུ་ཡང་ཡང་བྱུང་བ་དང་། དུས་ཕྱིས་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁར་བྲམ་ཟེའི་སྔགས་རྒོད་གུ་ལང་མན་ངག་ཅེས་སྔགས་འདི་ཉིད་ཕན་ཡོན་བཅས་བྱུང་བ་རྣམས་དོན་གྱི་དགོངས་པ་གཅིག་དང་དབྱངས་གཅིག་ལྟ་བུར་གྱུར་པས་དེ་དག་གི་གནད་དྲིལ་ཏེ་བསྟན་ན། དུས་སྙིགས་མར་སྐྱེ་བོ་རྣམས་ཀྱི་ལོག་སྤྱོད་སྣ་ཚོགས་ལ་བརྟེན་ནས་སྡེ་བརྒྱད་མ་མོ་འཁྲུག་པའི་རྐྱེན་ལས་ནད་རིམས་གསོ་གླག་མེད་པ་སྣ་ཚོགས་འབྱུང་སྟེ་གཉན་པབ་ཏ་སོགས་བར་སྣང་ནས་འཇའ་ལྟ་བུར་སེམས་ཅན་གྱི་སྣ་སྒོ་སོགས་ནས་ལུས་ལ་ཞུགས་པས།

མགོ་ལ་ཀླད་གཟེར་རྒྱུངས་པར་འཛུམ་བུ་ལྟག་དགྱེ། སྙིང་ལ་ནག་པོ་རྒྱུག་འགྱེལ་སོགས་མིང་གི་རྣམ་པ་དང་ན་ལུགས་ཐ་དད་པ་དུ་མ་འབྱུང་སྟེ། མཁྲིས་པ་རྩར་རྒྱུག་དང་། གཉན་པརྤ་ཏ་དང་། ནག་པོ་སུམ་སྒྲིལ་དང་། རིམས་སྨྱོན་ཏྲེ་ཏྲེ་ཧོ་དང་། རྒྱུག་འགྱེལ་ནག་པོ་སོགས་སུ་གྲགས་པ་དེས་མི་རྣམས་ཁ་བཏགས་པར་བྱེད་པའི་དུས་སུ་པདྨའི་བརྒྱུད་འཛིན་སྦས་པའི་ཚུལ་ཅན་འགའ་ཞིག་ལ་ནད་ཡམས་ཀྱིས་མི་ཚུགས་ཤིང་སེམས་ཅན་གཞན་གྱི་སྲོག་སྐྱོབ་བར་བྱེད་དོ། །དེ་ལྟ་བུའི་དུས་སུ་ནད་རིམས་དྲག་པོ་མཐའ་དག་སྲུང་བ་དང་གསོ་བའི་སྔགས་ཀྱི་རྒྱལ་པོ་འདི་ལ་འབད་པར་བྱའོ། །སྔགས་དེ་གང་ཞེ་ན། ཨོཾ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ་ཧ་རི་ཧོཾ༔ ཏྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ འཇིག་རྟེན་ཁམས་སུ་འབྱུང་བར་དཀོན་པའི་སྔགས་ཀྱི་རྒྱལ་པོ་འདི་ཡི་ཐེམ་ཡིག་ལ། གྲོང་ཁྱེར་དྲུག་གི་དང་པོ་ལ་འབྲུ་ལྔ་ཡོད། དེ་ནས་ལྔ། དེ་རྗེས་ལ་དྲུག ཡང་བཞི། ཡང་བཞི། ཡང་ལྔའོ། །དང་པོའི་འབྲུ་ལྔ་ལ་སྟེང་དུ་ན་རོ་ཀླད་ཀོར་དང་བཅས་པ་གཅིག འགྲེང་བུ་གཉིས་ཞབས་ཀྱུ་གཅིག་ཡོད། གཉིས་པ་ལ་ཞབས་ཀྱུ་གཉིས་འགྲེང་བུ་གཅིག་ཡོད། གསུམ་པ་ལ་གི་གུ་གཉིས་ན་རོ་གཅིག་ཀླད་ཀོར་དང་བཅས་པ་ཡོད། བཞི་པ་ལ་གི་གུ་གཅིག་ར་རྟ་གཅིག་ཞབས་ཀྱུ་གཅིག་འགྲེང་བུ་གཅིག་ཡོད། ལྔ་པ་ལ་འགྲེང་བུ་གཉིས་ཡོད། དྲུག་པ་ལ་གི་གུ་གཅིག་ཡོད། སྔགས་འབྲུ་ཉེར་བདུན་གྱི་མཇུག་ན་སྭཱ་ཧཱ་དང་བཅས་པ་ཡོད་པ་སྔགས་ཀྱི་དག་ཡིག་གོ། སྔགས་བཟླ་དུས་ཀྱི་ཏིང་འཛིན་ནི། རང་ཉིད་སྐད་གཅིག་དྲན་རྫོགས་སུ། །གུ་རུ་དྲག་པོ་མཐིང་ནག་སྐུ། །གཡས་པས་རྡོ་རྗེ་གཡོན་ཐོད་ཁྲག །ཆིབས་སུ་ཕག་རྒོད་ཁམས་ནག་ཆིབས།ཞལ་ནས་དྲག་སྔགས་མེ་སྟག་འཕྲོ། །རང་སྤྲུལ་ཕག་རྒོད་དཔག་མེད་འཕྲོས། །ནད་གདོན་ཧུར་ཐུམ་ཟོས་པར་བསམ། །དྲག་སྔགས་མེ་འོད་མགར་གྱི་ནི། །ཚ་ཚ་ལྟར་འཕྲོས་ནད་གདོན་བསྲེགས། །མ་ཡེངས་དམིགས་ལ་སྔགས་བཟླའོ། །གཞན་ཡང་ནད་གདོན་སྤྱི་ལ་གུར་དྲག་མེ་འབར་ཕག་ནག་ཞོན་པ། དུག་ལ་རྨ་བྱ་ཆེན་མོ། འགོ་ནད་ལ་དུག་རི་མེ་འབར། ཚད་ནད་ལ་སངས་རྒྱས་སྨན་པའི་རྒྱལ་པོར་བསྒོམ། བདག་སྲུང་ན་ལྷ་དེའི་འོད་ཟེར་གྱིས་ནད་བཅོམ་པར་དམིགས། གཞན་གསོ་ན་སྐུ་ལས་བདུད་རྩི་བབ་པས་ནད་སོས་པར་བསམ། རང་ལ་ནད་སྔ་ནས་ཞུགས་པ་གསོ་ན། མདུན་གྱི་ནམ་མཁར་སློབ་དཔོན་པདྨ་བསྒོམས་ལ་རང་གི་རྣམ་ཤེས་དེའི་ཐུགས་ཀར་འཕོས། པདྨའི་སྐུ་ལས་སྤྲུལ་པའི་ཕག་རྒོད་དཔག་མེད་ཀྱིས། རང་ལུས་དབང་པོའི་སྒོ་ནས་ཞུགས་ཏེ་ལུས་ཀྱི་ནད་གདོན་ཐམས་ཅད་ཟོས་པར་བསྒོམས་ལ་སྔགས་མཐར་གུར་དྲག་རང་ལུས་ལ་ཐིམ་པས་རང་ཉིད་གུ་རུ་དྲག་པོའི་སྐུར་གྱུར་པར་བསམ། དེ་ལྟར་སྨྲ་བཅད་གྲ་ཟུར་མ་ཉམས་པར་སྔགས་འདི་མང་དུ་བཟླས་ན་བྱིན་རླབས་ཁྱད་པར་ཆེ་བས་འབུམ་བཟླས་པས་གོང་བསྙེན་རྫོགས། བསྙེན་པ་མེད་ཀྱང་ཕྲལ་དུ་བཟླས་པའི་ཡོན་ཏན་གྱིས་ནད་གདོན་འཇོམས་པར་ཐེ་ཚོམ་མེད། སྔགས་འདི་བློ་ལ་ཡོད་ན་འགོས་རིམས་མི་བཟད་པས་ཉེན་པའི་ནད་གཡོག་བྱས་ཀྱང་རང་ལ་མི་ཚུགས་ཏེ་ངེས་པར་སྲུང་ཐུབ་བོ། །གཞན་ལ་སྔགས་ཆུ་ཁོང་དུ་བཏང་བས་ཆོག །སྔགས་འདི་བཟླས་པའི་ཕན་ཡོན་ནི། རིམས་ནད་སྟོད་གཟེར་ཀླད་རྒྱ་འཆོལ་བ། ཚད་པ་གཟེར་ཆེན་གཟེར་ཐུང་། རྒྱ་བལ་གྱི་ཚད་ནད། རྒྱས་ཚད་ཀླད་ཚད་སོགས་ཀྱི་རིགས་དང་། མགོ་མིག་སྟོད་ནད་ཐམས་ཅད་དང་། རྒྱུ་གཟེར་དམར་བཤལ་སོགས་བཤལ་སྐྱུག་གི་ནད་འབྲུམ་ནག་འབྲུམ་དཀར་སོགས་ཤུ་བ་ཅན་གྱི་ནད་རིགས། གག་ལྷོག་གཉན་གཟེར་སྐྲངས་རིགས། གཉན་ནད་ནག་པོ་རྒྱུག་འགྱེལ་ཏྲེ་ཏྲེ་ཧོ། སྲིན་པཪྦ་ཏ་ཁོང་ལྷོག །འཛུམ་བུ་ལྟག་དགྱེ། ཉ་ལོག་ཕོ་ལོག་ཚ་བ་སོགས་རིམས་ངན་གྱི་རིགས་ཐམས་ཅད་དང་། གཞན་ཡང་འབྲས་དང་སྐྲན་དང་། སྐྲངས་པ་དང་། མེས་ཚིག་པ་དང་། མེ་དབལ། ཁྲག་གི་ནད་སོགས་ཚ་བ་དང་བཅས་པ་དང་། སྲིན་བུ་ཡ་མ་དཀར་ནག སོ་ནད་གླང་ཐབས་མིག་གི་ལིང་ཐོག་སོགས་ཟུག་གཟེར་ཅན་གྱི་རིགས་དང་། རྟས་བརྡབས་པ། གཡང་ལ་ལྷུང་བ་སོགས་ཀྱིས་རུས་པ་ཆག་པ་ཚིག་འཁྲོལ་བ་སོགས་ལུས་ཞོམ་པ་དང་། རྨ་ཡི་རིགས་ཐམས་ཅད་དང་། ས་བདག་ཀླུ་གཉན་སོགས་གདོན་ཐམས་ཅད་འཇོམས། ཕྱུགས་ནད་གློ་གོར་ཧོན་དང་གག་ལྷོག་སོགས། མདོར་ན་རྟ་ནད་ལུག་ནད་ར་ནད་ཁྱི་ནད་དང་། ཁྱད་པར་ཁྱི་ལ་གནམ་གཟེར་ཕོག་པ་དང་། ཁྱི་སྨྱོན་གྱི་དུག་སོགས་ཐམས་ཅད་འཇོམས། མདོར་ན་ནད་རིགས་མཐའ་དག་འཇོམས་ཏེ། ཁྱད་པར་དུ་ཚད་པའི་ནད་ཀྱི་རིགས་སུ་གཏོགས་པ་ཀུན་ལ་བསྔགས། སྔགས་ཆུ་བར་མ་ཆད་པར་བསྟེན་པས་ཚད་མགོ་ཆོག་ནས་བཟའ་བཏུང་འཛེམ་མི་དགོས་པས་བཅུད་ཟས་ཀྱིས་ལུས་ཟུངས་གསོ་བར་བྱ། སྦྲུམ་དང་། རླུང་དང་གྲང་ནད་ཤུགས་ཆེ་བར་སྔགས་འདི་མང་དུ་མི་བཏབ།  སྔགས་འདི་ཉིད་ཁྱད་པར་དུག་ནད་ཀྱི་གཉེན་པོ་སླེབ་ཆོག་མཆོག་ཏུ་གྱུར་པ་ཡིན། སྔགས་འདི་ལ་བསྙེན་གྲངས་ཇི་ཙམ་འཐེམ་པ་བཞིན་ནུས་པ་ཇེ་ཆེར་འགྲོ། ཡུལ་དུ་ནད་ཡམས་ཆེན་པོ་བྱུང་དུས་འདི་ཉིད་ཟབ་པ་ཡིན། ནད་ཀྱི་དཔུང་གཞི་ལ་ཞིང་གདོན་གྱི་དཔུང་བཟློག་པའི་ཕྱིར་སྔགས་འདི་དར་ལྕོག་ལ་བྲིས་ཏེ་རི་རྩེར་ཕྱར། གྲོང་སོགས་སུ་ཐོ་བརྩིགས་ཏེ་དེར་སྔགས་བྲིས་ནས་གཟུགས་ན་ནད་རིམས་འཇོམས་ཤིང་ཚེ་དཔལ་སྐྱེད་པར་བྱེད་དོ། །སྔགས་འདི་བཟླས་ནས་སྔགས་ཆུ་བྱེད་པའི་ཚེ་སྔགས་བཏབ་པའི་ཆུ་ལ་ཆུ་གཞན་སྔགས་ཀྱིས་མ་བཏབ་པ་རྒོད་བླུགས་བྱས་ན་ནུས་པ་ཅུང་ཉམས་པས། དང་པོར་སྣོད་གཙང་མར་ཆུ་དེ་བླུགས་ལ་དེ་ནང་སྔགས་ཆུ་ཐིགས་གཅིག་བླུགས་པས་དེ་ཐམས་ཅད་སྔགས་ཆུར་འགྱུར་རོ། །ནད་ཚབས་ཆེ་ན་ཡང་སྔགས་མང་དུ་བཏབ་པ་ཁོ་ནས་འཚོ་ནུས་ཀྱི་སྨན་ལ་མི་ལྟོས་སོ། །དེས་ན་བདུད་རྩི་མར་ཁུ་དང་། གླ་རྩི་དང་སྔགས་ཆུ་གསུམ་ཙམ་ལས་སྨན་གཞན་མི་བཏང་ངོ་། །དེ་ལྟར་ཡིད་ཆེས་པ་དམ་ཚིག་ཡིན། ཡང་རིམས་སྲུང་འདིའི་རྫས། སྟེང་གི་བྱ་རྒོད། སའི་ཕག་རྒོད། རྟུག་ཏེལ་སྦྲེ་ཅན། གླ་ནག་རྩི་དང་{བྱ་རྒོད་ཕག་རྒོད་ཏེ་ལོ་གསུམ་གྱི་ཤ་དང་གླ་ནག་གི་རྩི་བཞི་ཞིབ་བཏགས་རྫས་སོ།}བཞི་པོ་ལ་སྔགས་འབུམ་བཏབ་པའི་རྫས་བུང་འཆང་ཞིང་བསྣུམ་པའམ་བདུག་པ་སོགས་ཀྱིས་རང་གཞན་ཀུན་བདུན་དྲུག་ཏྲེ་ཏྲེ་ཧོ་སོགས། མ་རུང་བའི་ནད་གདོན་ཀུན་ལས་སྐྱོབ་པར་ངེས་སོ། །སྔགས་ཆུར་བ ཏབ་པས་ལུས་རྔུ ལ་བ་དང་ཁོང་བ་འཁྲོག་པ་འཁྲུ་བ་བྱུང་ན་ཕན་རྟགས་སོ། །དེ་ལྟར་མ་བྱུང་ཡང་སྔགས་བུང་བསྐྱེད་དེ་བཏབ་པའི་སྔགས་ཆུ་བཏང་བས་གོང་སྨྲོས་ནད་ཀུན་འཚོ། མི་ཡིན་ན་གོས་དྲོ་བར་བྱས་ཏེ་ཉལ་བའམ་འདུག་པར་བྱ། ཞལ་གདམས་ལུགས་གཅིག་ལ་བདུད་རྩི་མར་ཁུ་དང་གླ་རྩི་ལ་བཏབ་ནས་བཏང་ན་ནད་ཀུན་སྲུང་།  བདུད་རྩི་མར་ཁུ་དངོས་མ་འཛོམས་ན་བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན་གྱིས་ཀྱང་རུང་ངོ་། །རིམས་རྒོད་ཏྲེ་ཏྲེ་ཧོ་ཞེས་པ་དེ་མི་ཕྱུགས་གང་ལ་ཕོག་ཀྱང་ནད་བབ་པའི་གནས་དོན་ལྔ་སྣོད་དྲུག་ཀླད་པ་རྒྱུངས་པ་ཉ་རྣམས་གང་ལ་བབ་ཀྱང་དེ་དག་ལ་ཕན་པའི་སྨན་སུམ་ཆ་གཅིག་དང་། མ་གི་ཏ་ཐུན་གཉིས་བཅས་ཕུར་མང་ནག་པོ་མེ་ཏོག་སེར་པོ་ཡོད་པའི་ཁུ་བ་ལ་རྟ་བྱས་ཏེ་བཏང་། ཕུར་མང་གསུམ་ཆ་གཉིས་བྱས་ནས་བཏང་ན་ཡང་ཤིན་ཏུ་ཕན་ནོ། །གར་བབ་གནས་ཀྱི་དབང་གིས་ཕན་པའི་སྨན་གོང་སྨྲོས་དེ་གང་ཞེ་ན།གློ་བར་ཕོག་ན་ཆུ་གང་། སྙིང་ལ་སྙིང་ཞོ་ཤ།  །སྲོག་རྩར་ཕུར་མང་མེ་ཏོག་སེར་པོ། མཆིན་པར་ཁ་ཆེ་གུར་གུམ་མམ་བྲག་ཞུན། མཁྲིས་པར་གི་ཝཾ། ཕོ་བར་པི་ལིང་། རྒྱུ་དཀར་ལ་ལྒ་སྐྱ། རྒྱུ་ནག་ལ་མ་རུ་རྩེ། ཉྭ་ལོག་ལ་མིའི་དྲི་ཆུ་བར་བ། ཀླད་པ་ལ་གླ་བའི་རྐང་། རྒྱུངས་པ་ལ་བྱ་རྒོད་སྤོས། མཚེར་ཀ་ཀོ་ལ་པ་དང་མཁལ་མ་སུག་སྨེལ་རྣམས་ལ་ཡང་དེ་དེའི་སྨན་དང་བསྡེབས་པར་བཏང་བར་བྱའོ། །ཤིན་ཏུ་ཟབ་པའི་གདམས་པ་སྐྱེ་འགྲོའི་སྲོག་གི་མཐུད་མ་མ་འོངས་ལས་ཅན་ལ་གཏད་རྒྱ་མཛད་པའི་གཏེར་གྱི་མན་ངག་གོ། དེ་ཡང་སྙིགས་དུས་སུ་ཡུལ་ཁམས་ལ་ནད་ཡམས་ཆེན་པོ་འབྱུང་བའི་ནད་བདག་གཟའ་ཀླུ་མ་མོ་གསུམ་གྱིས་རྩ་འབྱེད་པས་དྲག་པོས་བརྡུངས་ན་ཐུ་རུ་འགྲོ་བས། གཟའ་དང་མ་མོའི་མདོས། ཀླུ་ཡི་གདོན་གྲོལ་སླེབ་ཆོག་གྲིབ་མདོས་བྱ་ཞིང་། དེའི་རྒྱབ་ཆོས་སུ་བཀའ་སྒྲོགས་པ་སོགས་དཀར་ཆོས་ཅི་འགྲུབ་དང་། གཞན་ཡང་བསང་མདོས་གླུད་སོགས་ཞི་བའི་ཆོ་གར་འབད་ན་ནད་རིམས་ཞི་བར་ཐེ་ཚོམ་མེད། དུས་ངན་ཐ་མར་མི་འདོད་སྣ་ཚོགས་དང་། ཁྱད་པར་དུ་རུ་ཀ་ལྔ་འབྱུང་སྟེ། དམག་གི་དུ་རུ་ཀ །དེ་བཞིན་མཚོན། མུ་གེ ནད། དུག་གི་དུ་རུ་ཀ་ལྔ་འབྱུང་ཞིང་། རྒྱལ་ཁམས་ནད་ཀྱིས་བཟུང་། ཆེ་བཙུན་དུག་གིས་གསོད་པའི་དུས་སུ་དེ་རྣམས་སྐྱབས་པའི་གདམས་པ་ལྔ་ཐུགས་སྒྲུབ་ཟབ་མོའི་ཆ་རྐྱེན་དུ་གདམས་པ་དེ་དག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བལ་ཡུལ་གྱི་བྲག་ཧོམ་ཁུང་འདྲ་བའི་ནང་དུ་གཏེར་དུ་སྦས་ནས། བདུད་ནག་པོ་བཀྲག་མེད་དང་མ་མོ་ཨེ་ཀ་ཛཱ་ཊི་དང་རེ་མ་ཏི་གསུམ་ལ་གཏེར་བདག་ཏུ་བཅོལ་བ། གཏེར་སྟོན་བཛྲ་མ་ཏིས་གཏེར་ནས་གདན་དྲངས་པའི་རིམས་སྔགས་འདི་ཉིད་གསེར་སྲང་བརྒྱ་ཡི་བཀའ་རྒྱ་དང་བཅས་ཏེ་གུང་ཐང་ཀུ་མཱ་ར་ལ་གཏད་ནས་རིམ་པར་བརྒྱུད་པ་ལགས་སོ། །ཡང་ཁྱི་ནག་སྤུ་དང་། ར་བལ། བུད་མེད་སྟག་ལོ་མའི་སྐྲ་གསུམ་གྱི་སྲུང་སྐུད་ལ་མདུད་པ་གཅིག་བྱས་ནས། ཨོཾ་ནིར་སེང་ཡེར་རྦད༔ ཐིམ་ཐར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་བྷེ་ཧུ་སོགས་གོང་ལྟར་དང་། ཨོཾ་རྩེའུ་ལྷང་ལྷང་༔ ཆུང་ཆུང་༔རྔུབ་རྔུབ༔ རྩ་དུར་སྡོམ་སྭཱ་ཧཱ། ཞེས་བཟླས་ཏེ་བཏབ་པ་འཆང་བས་ཀྱང་རིམས་སྲུང་བ་བླ་མ་གོང་མའི་ཞལ་རྒྱུན་ནོ། །ཨེ་མ་འདི་ནི་རྡོ་རྗེ་སྲུང་བའི་རྫོངས། །མི་བཟད་ནད་སེལ་བདུད་རྩིའི་ཆུ་རྒྱུན་ཆེ། །སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གིས། །བརྩེ་བས་གདམས་པ་འདི་འདྲ་ངོ་མཚར་ཆེ། སྙིགས་དུས་ནད་རིམས་དྲག་པོའི་མེ་འབར་ཚེ། །ཉམ་ང་མེད་པའི་རིགས་སྔགས་འདི་ལྟ་བུ། །རིན་ཆེན་གསེར་གྱི་བང་མཛོད་ཆེན་པོ་ལས། །ལྷག་པར་གཅེས་སྤྲས་བགྱིད་འོས་མ་ཡིན་ནམ། །འདི་ནི་གཏེར་ཁ་རྣམས་སུ་འབྱུང་བའི་དོན་ཕྱོགས་གཅིག་གསལ་པོར་མི་ཕམ་འཇམ་དཔལ་དགྱེས་པས་ཤིང་འབྲུག་དབོ་ཟླའི་རྒྱལ་བ་དང་པོར་བསྡེབས་པས་གཞན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག མངྒ་ལཾ། །སྔགས་འདི་ལ་འདྲ་མིན་འདུག་ཀྱང་འདི་ཉིད་དག་པར་ཟུངས་ཤིག། དགེའོ།། །།

Menu