དོན་ལྡན་གླིང་དུ་རྫོགས་ཆེན་དགོན་པས་ནང་ཆོས་ངོ་སྤྲོད་བྱས།

ཀོ་ལེ་གྷལ་གཞིས་སྡེ་ལ་གྲུབ་དབང་རྫོགས་ཆེན་དགོན་ཆེན་པའི་མཁན་སློབ་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་གནང་བ།

དེ་ཡང་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་དང་། ཉེ་ཆར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་རེ་འབོད་བཞིན།

འདི་ག་ཀོ་ལེ་གྷལ་དོན་ལྡན་གླིང་ལས་ཁུངས་དང་འཕགས་ཡུལ་༸གྲུབ་དབང་རྫོགས་ཆེན་དགོན་ཡིག་ཚང་གཉིས་མཉམ་འབྲེལ་གྱིས་ལས་གཞི་འཆར་འགོད་བྱས་པ་བཞིན་སྤྱི་ཟླ ༠༦་ཚེས་༢༩་རེས་གཟའ་སྤེན་པ་ནས་བཟུངས་ཉིན་བཞི་རིང་མཁན་སློབ་རྣམས་གྲོང་སྡེ་རེ་རེར་ཕེབས་ནས་དམ་པ་གསུམ་ལས་འཕྲོས་པའི་ནང་ཆོས་ངོ་སྤྲོད་ཟབ་ནན་བྱས་ཡོད་པ་དང་། ཁྱད་པར་བོད་མིའི་སྲོལ་རྒྱུན་རྣམས་ནང་ཆོས་དང་ཁ་འབྲལ་ཐབས་མེད་པར་སོང་ནང་ཆོས་ཡག་པོ་མ་ཤེས་ན་སྲོལ་རྒྱུན་ཡང་གནས་ཐབས་མེད་པ་དང་། བྱེས་བཞུགས་བོད་པ་ཚོས་ནང་ཆོས་ལ་བཟུང་བའི་གོ་རྟོགས་ཆུང་ངུར་འགྲོ་གི་ཡོད་པ་དང་། དེར་བརྟེན་ཕ་མར་གུས་ཞབས་དང་། ཁྱིམ་ཚེས་ལ་རོགས་ཕན་བྱེད་པ་སོགས་ཧ་ཅང་ཉམས་རྒུད་འགྱུར་བཞིན་པ་འདིའི་ང་ཚོ་བོད་པར་གྱོང་རྒུད་ཚབ་ཆེན་ཐེབས་ངེས་ཚུལ་དང་། ཕྱི་ལུས་པོ་བོད་པ་ཙམ་ཡིན་ཀྱང་ནང་སེམས་ཁམས་གཞན་དུ་གྱུར་བའི་ཕྱི་ནང་ཆ་མི་མཚུངས་བའི་མི་རིགས་ཧྲལ་ལུ་ཧྲིལ་ལེ་ཞིག་ཏུ་ལོག་སོང་ན་ང་ཚོ་བོད་པ་བཙན་བྱོལ་བྱེད་པའི་དོན་སྙིང་ཡང་མེད་པར་འགྱུར་ངེས་པས་ང་ཚོ་མི་རབས་འདིའི་རིང་ལ་བོད་མིའི་ལས་མཐའ་རྫོགས་ཏུ་འཇུག་མི་རུང་ཕྱིར་ཐམས་ཅད་ཀྱིས་བསམ་གཞིགས་ལྷོད་པོ་གནང་བའི་རེ་བསྐུལ་སོགས་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་སླབ་བྱ་ཡང་གང་མང་གནང་ཡོད་པ་རེད།

ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་སྤེལ།

Menu