དཔལ་ལྡན་བླ་མའི་ཞབས་བརྟན།

བཀླགས་གྲངས། 144

ཨེ་མ་ཧོ། རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །གུ་རུ་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། ། ཁྱེད་ཀྱི་གསང་གསུམ་མཁྱེན་རྩེ་ནུས་པའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཤོག ། འདྲེན་མཛད་རྒྱལ་བ་ཀུན་གྱི་བརྗོད་བྱའི་ལམ། །ཐེག་གསུམ་ཡོངས་རྫོགས་བསྟན་པ་རིན་པོ་ཆེ། །

མངའ་བདག་ཆོས་ཀྱི་རྒྱལ་བོ་ཟླ་བྲལ་བ། །འཇིགས་མེད་བློ་གསལ་དབང་པོ་ཞབས་བརྟན་གསོལ། ། གང་གི་ཐུགས་གསང་མི་ཤིགས་སྙིང་པོའི་སྲོག །ཨོ་རྒྱན་ཚེ་དཔག་མེད་ཀྱིས་བྱིན་རླབས་ནས། ། གཉིས་སྣང་བར་ཆད་བདུད་ཀྱི་མི་བརྫི་བར། །ཕྱོགས་ལས་རྣམ་རྒྱལ་ཞབས་པད་ཡུན་བརྟན་ཤོག ། ཆོས་ཉིད་གདོད་ནས་རྣམ་པར་དག་པའི་མཐུས། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། ། བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་དོན། །གེགས་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པར་ཤོག །
ཅེས་པ་འདི་ནི་ཁོང་གི་ཞལ་སློབ་རྣམས་ནས་ཇི་ལྟར་བསྐུལ་བ་བཞིན་བདག་གཡང་ཐང་སྤྲུལ་མིང་པས་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་ནས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོའི་རྒྱལ་ཟླ་བའི་ཚེས་བཅུའི་དགོངས་མོར་ཤར་མར་བྲིས་པ་དགེ་བར་གྱུར་ཅིག། །།

Menu