འཕྲིན་སྦྱོར།

ཐུགས་གསོའི་འཕྲིན།

དེ་ཡང་རིགས་བརྒྱའི་ཁྱབ་བདག་པ་ཆེན་པོ་མཁན་ཆེན་བླ་མ་པདྨ་དབང་གི་རྒྱལ་པོ་མཆོག་བོད་རབ་གནས་ས་ཕག་ལོའི་ལོ་སར་ཚེས་པ་ལྔའི་དགོང་དྲོ་དུས་ཚོད་༡༡ དང་སྐར་མ་༢༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྐབས།

འཕྲལ་དུ་འབྲེལ་ཡོད་ཚོས་༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་སྙན་གསན་དང་། དགོངས་རྫོགས་མཆོད་འབུལ་ཇི་དགོས་སྐོར་ནས་བཀའ་སློབ་ལམ་སྟོན་ཞུས་པ་བཞིན་རིན་པོ་ཆེ་ནས་སྦྱོར་དངོས་རྗེས་གསུམ་ལ་ལམ་སྟོན་གནང་བ་མ་ཟད། འབྲེལ་ཡོད་རིམ་པར་གསུང་འཕྲིན་ཡང་བསྐུར་ཡོད། ཚེས་༡༠ གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཡ་ཆེན་ཆོས་སྒར་གྱི་བསྟན་པའི་བདག་པོ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཐུགས་དམ་ལས་དཀྲོལ་ཡོད་པ་མ་ཟད། དེར་འདུས་ཡོངས་ལ་བླང་དོར་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་ཡོད་པ་རེད།
སྤྱིར་མཁན་ཆེན་མཆོག་ནི་གྲུབ་དབང་༧རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་ཡོངས་ཀྱི་ཁྲོད་ན་མཁས་བཙུན་གསང་གསུམ་གཞན་ལས་ལྷག་ཅིང་གསང་བ་སྙིང་ཐིག་གི་བསྟན་པ་ལ་བྱས་རྗེས་ཆེ་བ། ཁྱད་པར་དུས་ཀུན་གནས་ལུགས་གཙོར་འདོན་གནང་ཞིང་ངོ་སྲུང་དང་སྤྲེའུ་ལད་ལ་མི་དགྱེས་པའི་རང་གཤིས་བརྟན་པའི་ཆོས་དང་འཇིག་རྟེན་གཉིས་ཆར་ཡོད་པའི་སྐྱེས་བུ་ཁྱད་འཕགས་ཅིག་ཡིན་པ་ལྟར་དོམ་དམ་གྱི་སྐྱེས་ཆེན་རྣམ་དང་ཐུགས་འདྲིས་ཧ་ཅང་ཟབ།
ད་སྐབས་དགེ་མང་དགོན་དང་། འབངས་ལྷ་སྡེ། སློབ་འབངས་ཡོངས་ཉ་མོ་ཐང་ལ་ལྷུང་ལ་ལྟ་བུའི་མྱ་ངན་གྱིས་ནོན་བཞིན་པའི་སྐབས་༧སྐྱབས་རྗེ་མཆོག་དང་། གྲུབ་དབང་རྫོགས་ཆེན་དགོན། ངེད་ཅག་ཡོངས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། མཇུག་མཐར་མཁན་ཆེན་མཆོག་དང་འབྲེལ་ཐོག་སེམས་ཅན་ཀུན་འདི་བདེ་ཕྱི་སྐྱིད་ཡོང་བའི་སྐྱབས་མཇུག་ནན་ཟབ་ཞུ་རྒྱུ་བཅས།
སྒེར་དྲུང་། ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས།
Menu