ཐར་པའི་ས་བོན་འདེབས་པའི་དབང་བསྐུར་འབྲེལ་ཚད་དོན་ལྡན།

བཀླགས་གྲངས། 100

༄༅། །ཕྱི་རོལ་ཁྲུས་ཀྱི་གཙང་སྦྲ་དང་། །སྒྲིབ་སྦྱོང་ནང་གི་གཙང་སྦྲ་སྟེ། །དག་བྱེད་མཆོག་འདི་རྒྱལ་བས་གསུངས། །དེ་ཕྱིར་འདི་དོན་ཉམས་སུ་ལོངས། ། ཡིག་བརྒྱ་བརྗོད། ཀྱེ། ཡོན་ཏན་རྒྱ་མཚོའི་གཏེར་གཅིག་པུ། །འགྲོ་ལ་ཕན་བདེའི་ཐབས་སྟོན་པའི། ། བཀའ་དྲིན་མཚུངས་མེད་བླ་མ་རྗེ། །བདག་ལ་ལེགས་པའི་ལམ་སྟོན་ཅིག །

ལན་གསུམ། ཧོ། ཉོན་ཅིག་དལ་འབྱོར་ལུས་ཐོབ་ཅིང་། །རིན་ཆེན་གསུམ་ལ་མོས་པ་ཁྱོད། །བྱང་ཆུབ་ལམ་ལ་རིམ་གཞུག་ཕྱིར། །ཐར་བའི་ས་བོན་གདབ་པར་བྱ། །ལམ་གྱི་སྒོ་འབྱེད་སྐྱབས་འགྲོ་དང་སེམས་བསྐྱེད་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་་་་་་་ སོགས་ལན་གསུམ། བླ་མས་དབྱངས་སྙན་པོས། སེམས་ནི་རྒྱ་ཆེན་མཆོག་ཏུ་་་་་་་་་་ སོགས་དང་། ཀྱེ་མ་བདག་ཅག་ཉམ་ཐག་་་་་་་་་་་་་་ སོགས་ནས་ཞི་བར་མཛོད། ཅེས་པའི་བར་བརྗོད། བདེ་བར་གཤེགས་པའི་སྐུ་གཟུགས་བསྟན་ལ། བསོད་ནམས་རྒྱ་མཚོས་བསྐྲུན་པ་འདི། །འཁྲུག་བཞིན་སེམས་ཀྱི་མཐོང་ན་ཡང་། །བྱང་ཆུབ་རིམ་གྱིས་འཐོབ་བྱེད་ན། །དད་དང་ལྡན་ན་སྨོས་ཅི་དགོས། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། གསུང་རབ་ཀུན་གྱི་ཉིང་ཁུ་མཆོག །རིག་སྔགས་ཡི་གེ་དྲུག་མ་འདི། །མཐོང་ཐོས་དྲན་རེག་དོན་དང་ལྡན། །ཉིན་མཚན་རྟག་ཏུ་བཟླ་བརྗོད་ཀྱིས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེའི་དཔྱངས་ཐག་མ་ཆད་ཅིང་། །དད་པའི་འབྲེལ་ཐག་རྒྱུན་རིང་བ། །ཨ་ལོང་ལྕགས་ཀྱུའི་དཔེ་བཞིན་དུ། །དད་དང་སྙིང་རྗེ་རྒྱུན་དུ་བསྒོམས། །ཨོྃ་ཨ་བྷི་ར་ཧཱུྃ། ཁེ་ཙ་ར་མཾཿ ཁས་བླང་། བཀྲ་ཤིས། བསྔོ་བ་སོགས་སྤྱི་ལྟར་བྱའོ། ཞེས་པ་འདི་ནི་ཆོས་སྒོར་གསར་དུ་འཇུག་པ་རྣམས་ཀྱི་དོན་དུ། ངག་བློ་གྲོས་མཚུངས་མེད་ཀྱིས་དགེ་འདུན་པ་སྟོང་ཕྲག་གཅིག་དང་མཉམ་དུ་དབང་གི་ལྷ་ལ་གསོལ་འདེབས་པའི་སྐབས་སུ་རྐྱེན་ཞིག་གིས་གློ་བུར་དུ་སྤེལ་བ་དགེའོ།། །།

 

Menu