གླིང་སྤྲུལ་བསོད་ནམས་བསྟན་འཛིན་ནི།

བཀླགས་གྲངས། 504

གླིང་འགུ་ཟིའི་རུས་བརྒྱུད་དང་གཅིག་པའི་ལྷ་རུ་མི་བདུན་གྱི་གླིང་ཞེས་པའི་རུས་ཚན་ལས་ཆད་པའི་ཡབ་འབུམ་ཆེད་ཨ་ལོ་དང་། ཡུམ་ཆོས་འཚོ་གཉིས་ལ་སྤྱི་ལོ་༡༧༡༩་ལོར་སྐུ་འཁྲུངས།

བྱིས་པའི་དུས་སུ་ཐེག་པ་ཆེན་པོའི་རིགས་སད་ཅིང་ཆོས་སྒོར་ཞུགས།རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་།རིག་འཛིན་འཇིགས་མེད་གླིང་པ།རྡོ་གྲུབ་འཇིགས་མེད་འཕྲིན་ལས།ཉི་སྤྲུལ་པདྨ་ཐེག་མཆོག་ནམ་མཁའ་ཚེ་དབང་མཆོག་གྲུབ།པདྨ་གསང་སྔགས་བསྟན་འཛིན་སོགས་ཁམས་དབུས་སོ་སོ་ནས་ཡོངས་འཛིན་ནུ་མའི་ཞབས་ལ་བཏུགས་ཏེ་གསན་བསམ་མཐར་ཕྱིན།ཆོས་ལྡན་སྡེ་དགེའི་རྒྱལ་པོ་གདུང་རབས་ཞེ་ལྔ་བ་རྒྱལ་རབས་བཅུ་གསུམ་པ་ཁྲི་རབས་བརྒྱད་པ་ཁྲི་ཆེན་བློ་གྲོས་རྒྱ་མཚོའི་སྐབས་ཉག་དམག་གིས་དགོན་པ་ཆགས་འཇིག་དང་བླ་གྲྭ་མང་པོ་ཞིག་སྐུ་སྲོག་ཤོར་བའི་གནོད་པ་ཚབས་ཆེན་བྱུང་།དེ་ནས་ཡིད་ལྷུང་ལྷ་རུ་དཔོན་རབས་གསུམ་པ་ཨ་དཀར་ནི་ཆོས་སྲིད་གང་ལ་འགྲན་ཟླ་བྲལ་བ་ཡིན་པས་དཔོན་ཚང་གི་ཉེར་དྲུང་དུ་བཞུགས་དགོས་པའི་བཀའ་དང་།དགོན་གནས་ས་དཔྱད་བཟང་བ་བཀྲ་ཤིས་རྟགས་བརྒྱད་ཚང་ཞིང་།ཆུ་ཀླུང་དབང་ཕྱོགས་ནས་རྒྱུ་བ་ས་བཙན་ལེགས་དགུ་འཛོམས་པའི་གནས་རག་དུང་ཁོག་ལ་དགོན་པ་གསར་དུ་བཏབ་ནས།ལྷ་སྡེ་དང་དཔོན་ཚང་གིས་མཐུན་རྐྱེན་སྦྱོར་ཏེ་སྒྲུབ་སྡེ་གསར་འཛུགས་བྱས་ནས་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་ཟབ་ཁྲིད་དུ་མས་དབང་ལུང་གིས་སློབ་ཚོགས་བསྐྱངས་ཏེ་གདན་སའི་ཁུར་བཞེས་ཏེ་ཆོས་འཁོར་བསྐོར།དེ་ནས་དབུས་ལྷ་ལྡན་དུ་ཆིབས་ཁ་བསྒྱུར་ཏེ་སྨིན་གླིང་དང་བསམ་ཡས་སོགས་སུ་ཕེབས་ནས་ཆོས་འབྲེལ་ཅི་རིགས་སུ་གསན།སླར་དགོན་འདིར་ཞབས་ཀྱིས་བཅགས་ཏེ་ཆོས་སྦྱིན་ཚད་མེད་གནང་།ལྷ་མཚོ་ཕུ་སྒེག་ར་རི་ཁྲོད་ལ་རྫོགས་ཆེན་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་སྣང་གི་རྟོགས་པ་བོགས་མ་ཐོན་བར་སྐུ་མཚམས་བཅད་རྒྱར་བཞུགས།ཁྲི་རབས་བརྒྱད་པ་གདུང་རབས་ཞེ་གསུམ་པ་སྡེ་དགེའི་ས་སྐྱོང་བློ་གྲོས་རྒྱལ་པོའི་དབུ་སླར་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱིས་བཞེད་དོན་དུ་རབ་ཡིད་མེ་ཕག་ལོར་སྤྱི་ལོ(1767) ལོར་ཡིད་ལྷུང་ལྷ་རྒྱལ་དགོན་པའི་སྒྲུབ་སྡེ་གསར་དུ་བཏབ་ནས་དཔོན་ཚང་གིས་དགོན་པའི་དཔལ་འབྱོར་དང་གྲ་བ་ཕྱེད་དགོས་རྒྱབ་ནས་གྲྭ་ཡིག་ལྔ་བཅུ་པའི་ཆོས་ཁྲིམས་གཏན་ལ་ཕབ་པ་འདི་དུས་བྱུང་བ་རེད།རྗེ་འདིས་ཐུགས་སྲས་ཀྱི་བུ་སློབ་སྐྱ་ཡས་སྒྱུ་འཕྲུལ་རྡོ་རྗེ་དང་།འབོ་རོ་དབོན་ཨོ་རྒྱན་རྒྱ་མཚོ།དགོངས་གཅོད་བསོད་ནམས་ནོར་བུ།བླ་མ་ཡེ་ཤེས་ཆོས་བཟང་།བླ་མ་ཀུན་བཟང་བསྟན་དར།སོག་རུ་ཀུན་བཟང་སོགས་སློབ་མ་གྲངས་མང་བསྐྱེད་ནས། མཐར་སྤྱི་ལོ་༡༧༨༣་ལོར་སྐུ་ཞི་བར་གཤེགས་སོ།

ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༡༣་ནས་༡༥་པར།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས།

Menu