གུ་རུ་དྲག་པོའི་སྒྲུབ་ཐབས་བཞུགས་སོ། །

བཀླགས་གྲངས། 134

༄༅། །གུ་རུ་དྲག་པོའི་སྒྲུབ་པ་ནི། འཁོར་འདས་ཐམས་ཅད་གདོད་མ་ནས། །མ་སྐྱེས་ཀ་དག་ངང་ཉིད་ལས། །རིག་པ་ཆུ་ལས་ཉ་འཕར་ཚུལ། །རང་ཉིད་གུ་རུ་དྲག་པོ་ནི། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར། །གཡོན་པས་སྡིག་པ་ཐུགས་ཀར་འཛིན། །ཞབས་གཉིས་རཱུ་ཏྲ་ཕོ་མོའི་སྟེང་། །གར་སྟབས་འགྱིང་བག་ཚུལ་དུ་བཞུགས། །

དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས། །ཡེ་ཤེས་མེ་དཔུང་འབར་བའི་དབུས། །ཁྲོ་ཆུང་མཚོན་ཆ་ཆར་ལྟར་འབེབས། །བདུད་དཔུང་འཇོམས་པའི་སྐུ་རུ་གསལ། །ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར། །སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར། །སྔགས་བཟླས་སྟོང་གསུམ་གཡོ་ཞིང་འགུལ། །རྣམ་རྟོག་བདུད་བགེགས་མིང་མེད་གྱུར། །ཨོཾ་གུ་རུ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ། གསང་སྔགས་དྲག་ཏུ་བཟླས་པ་ཡིས། །བར་ཆད་བདུད་ཀྱི་དཔུང་ལས་རྒྱལ། །མཆོག་ཐུན་དངོས་གྲུབ་ཀུན་འཐོབ་འགྱུར། །པདྨའི་མན་ངག་མཐར་ཐུག་འདི། །སྐལ་ལྡན་སྙིང་གི་དབུས་སུ་སྦས། །ཕྱིས་འབྱུང་བདུད་ཀྱིས་ཉེར་འཚེའི་ཚེ། །སྙིང་གི་བུ་དང་འཕྲད་པར་ཤོག །ས་མ་ཡ་རྒྱ་རྒྱ་རྒྱ།།

Menu