གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ནི།

བཀླགས་གྲངས། 92

ཡབ་ཁྱི་ཤུལ་བཀྲ་ཚེ་དང་། ཡུམ་ཨ་འཛི་བ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༼༡༨༧༢ ༡༩༥༢༽ལོར་གཡུའི་ཆུ་དབར་ཏཱ་རེའི་གནས་འགྲམ་དུ་སྐུ་བལྟམས། མཚན་པདྨ་རྡོ་རྗེ་བཏགས།

ཧོར་བླ་གཞན་ཕན་བཟང་པོས་ཀློག་བསླབ་པ་སོགས་ཀྱིས་རྗེས་སུ་བཟུང་། རྒྱ་ལྷ་མོ་ཚེ་རིང་གིས་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བསྩལ། དེ་ནས་ཧོར་བླའི་བཀའ་ལྟར་གསེར་ལྷ་རྩེ་དགོན་དུ་གྱང་ཁང་སངས་རྒྱས་དཔལ་ལྡན་ལས་དཔལ་སྤྲུལ་སྔོན་འགྲོ་དང་། སྤྱོད་འཇུག་སོགས་ཟབ་ཆོས་དུ་མ་གསན། ལྕགས་སྤྲུལ་རོལ་བའི་རྡོ་རྗེ་ལས་ལྕགས་མོ་རྟ་གསར་གྱི་དབང་ལུང་དང་། ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་གསན་བསམ་ཉམས་བཞེས་མཛད། ར་ཧོར་སྐུ་ཆེན་ལས་དགེ་ཚུལ་གྱི་བསླབ་སྡོམ་ནོད། སྐུ་ཞབས་བྲག་དཀར་བ་ལས་སྔོན་འགྲོ་སོགས་གསན། དེ་ནས་གཏེར་ཆེན་བདུད་འཇོམས་གླིང་པའི་ཆོས་སྒར་དུ་ཕེབས་ནས་སྣང་སྦྱང་རྒྱས་པར་གསན་ནས་ཟིན་བྲིས་ཀྱང་མཛད། ཉིན་ཞིག་གཏེར་ཆེན་རིན་པོ་ཆེས་ཁོང་ལ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམ་འབྲུག་པ་ཡིན་པས་དེར་སོང་ཞེས་ལུང་བསྟན་པ་ལྟར་ཁྲོམ་ཁོག་ཏུ་ཕེབས་པས། འབྲུག་པ་རིན་པོ་ཆེས་དགྱེས་བརྩེས་རྗེས་སུ་བཟུང་ཞིང་སྔ་ཕྱིར་ལྕེ་བཙུན་སྙིང་ཐིག་དང་དགོངས་པ་ཟངས་ཐལ། བཀའ་གཏེར་དུ་མའི་དབང་ལུང་དང་། ཁྱད་པར་སྙིང་ཐིག་གོང་འོག་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། རྩ་རླུང་གཏུམ་མོ། བཅུད་ལེན་སོགས་གདམས་ཟབ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། བླ་མས་ཁོང་ལ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞེས་མཚན་གྱི་ཅོད་པན་གསོལ། རྟེན་རབ་བྱུང་དུ་བཞུགས་ཀྱང་ཆ་ལུགས་ལྕང་ལོ་དང་། གོས་དཀར་སོགས་སྔགས་ཆས་སུ་བཞུགས་པ་ནི་བླ་མའི་བཀའ་དང་མི་འགལ་བའི་ཆེད་དུ་ཡིན་པར་གསུངས། གཡུ་སྒྲ་སྙིང་པོ་དང་། གླིང་གི་དགྲ་ལྷ་རྩེ་རྒྱལ། གསེར་བ་ཡེ་ཤེས་སོགས་ཀྱི་རྣམ་སྤྲུལ་དུ་གྲགས། དེ་ནས་སྨྱོ་ཤུལ་ལྗོན་པ་ལུང་དུ་ལུང་རྟོགས་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་གསན། གསེར་ཡག་ཡེ་སྒང་དུ་གདན་ས་གསར་དུ་བཏབ་ནས་ལས་ཅན་གྱི་སློབ་ཚོགས་ལ་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བས་ཕྲིན་ལས་དབྱར་མཚོ་ལྟར་འཕེལ། གཏེར་ཆེན་ལས་རབ་གླིང་པ་གསེར་ཁོག་ཏུ་གདན་ཞུ་མཛད་ཅིང་རིགས་ཀྱི་བདག་པོར་བརྟེན་ཏེ། སྒྱུ་འཕྲུལ་གྱི་སྐོར་སོགས་ཆོས་བཀའ་དུ་མ་གསན་ཅིང་ཟིན་བྲིས་སྣ་ཚོགས་མཛད། མངོན་མཁྱེན་དང་། གྲུབ་རྟགས་སོགས་ཀུན་ལ་མཐུན་སྣང་དུ་གྲུབ་པ་ཧ་ཅང་མང་། དགུང་གྲངས་གྱ་གཅིག་བཞེས་པ་ཆུ་འབྲུག་ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས། ཞལ་སློབ་ནི། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས། བོད་སྤྲུལ་བསྟན་པའི་ཉི་མ། ཀཿཐོག་མཁན་ཆེན་ནུས་ལྡན། མཁན་ཆེན་འཇིགས་མེད་ཕུན་ཚོགས། བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་སོགས་དམ་པའི་སྐྱེས་བུ་དུ་མ་བྱོན། གསུང་ཆོས་གླེགས་བམ་བཞི་གདུལ་བྱའི་བསོད་ནམས་ཀྱི་སྐལ་བར་བཞུགས་སོ།།

གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པའི་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ལོ་རྒྱུས་ཐོར་བུའི་བང་སོ་དེབ་གཟུགས་ཅན། ལྡེབ་ངོས་193 ནས་ 200 བར།

ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

 

Menu