གདན་ཚབ་པདྨ་གསང་སྔགས་བསྟན་འཛིན།

བཀླགས་གྲངས། 66

༈ དཔོན་སློབ་གཉིས་པ་སྤྲུལ་བའི་སྐུ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་ནི། སྤྱིར་ས་ལམ་རིམ་བགྲོད་ཀྱི་གང་ཟག་རྣམས་གཅིག་རྗེས་གཅིག་མཐུད་ཀྱིས་ལུས་བླངས་པ་ལ་སྐྱེ་བ་བཞེས་པའི་སྒྲ་དོན་སྦྱར་བ་དང་།

འཕགས་པ་རྣམས་ངོ་བོ་ཆོས་དབྱིངས་སུ་དགོངས་པ་གཅིག་ཀྱང་། རྣམ་པ་གང་ལ་གང་འདུལ་གྱི་ཟློས་གར་གཅིག་དང་ཐ་དད་མང་པོར་བསྒྱུར་བ་ལ་སྤྲུལ་པ་ཞེས་བཞག་པ་ཡིན་ལ། དེས་ན་རྗེ་བླ་མ་འདི་ཡང་སྐྱེས་རབས་ཀྱི་ཕྲེང་བ་མང་པོར་བསགས་སྦྱངས་ཀྱི་རིམ་པ་མཐར་ཕྱིན་པ་དང་། ཁྱད་པར་སྐུ་ཚེ་འདིའི་གོང་མ་དཔོན་སློབ་རིན་པོ་ཆེ་དེ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་དུ་བསགས་པ་དང་། འོད་གསལ་རྡོ་རྗེ་སྙིང་པོའི་ཟབ་མོའི་ཉམས་བཞེས་བར་མེད་དུ་གནས་ནས་ལམ་གྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སོགས་ཀྱིས་སྐུ་ཚེ་འདིར་སྐྱེ་སྤྲུལ་གང་དུ་ངོས་བཟུང་ཡང་སྐྱོན་མེད་ཅིང་འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཞིག་སྟེ། དེ་ཡང་མཚན་དཔེའི་མྱུ་གུ་བསྐྱེད་པའི་ཡུལ་ནི། མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་ཚན་ལྷོ་སྤོ་འབོར་སྒང་གི་ཆ་གཏོགས། གཙང་རིས་ཀྱི་དགེ་བསྙེན་ཆེན་པོ་ཁྲོ་རི་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱི་གཡོན་གཞོལ། གདན་ས་ཆེན་པོ་དང་ཧ་ཅང་ཐག་མི་རིང་བའི་སྐྱེད་ཚལ་དང་སྨན་ལྗོངས་ཉམས་དགའ་བའི་འབྲོག་སྡེ་ཞིག་ཏུ། དགེ་འཕན་ཞེས་པའི་རིགས་རུས་ལས་ཡབ་དཔའ་རྩལ་སྟོབས་གསུམ་དང་ལྡན་པ་བསམ་འཕེལ་ཞེས་པའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ནང་ཚན་སྐྱེས་བདག་ཞེས་པ་ལྕགས་མོ་ཕག །སྤྱི་ལོ་ ༡༧༣༡ ལོར་སྐུའི་དཀྱིལ་འཁོར་གསལ་བར་གྱུར་ཏེ། ཇི་སྐད་དུ། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལས་ཇི་ལྟར་འོས་པར་འབབ། །ཅེས་གསུངས་པ་ལྟར། དཔོན་སློབ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཐེ་ཚོམ་མེད་པའི་ཐག་ཆོད་བྱུང་བས། ཆོས་ཀྱི་རྒྱལ་པོ་སྡེ་དགེ་བསྟན་པ་ཚེ་རིང་དང་། རྫོགས་ཆེན་སྤྲུལ་དབོན་ཟུང་བཅས་ཡོན་མཆོད་བཀའ་བགྲོས་ནས་གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གདན་དྲངས། དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་ཞབས་པད་བཀོད་ནས། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེས་གཙུག་ཕུད་བཞེས་ནས་མཚན་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། ཁྲི་འདོན་ལེགས་འབུལ་སོགས་ཀྱི་ལེགས་ལམ་གྱི་སྣང་བ་དགུང་ཟླའི་དཔེར་འོས་པ་རྒྱ་ཆེར་སྤེལ། ཆུང་ངུའི་དུས་ནས་ཤ་ཁྲག་གི་དྲི་མ་ཙམ་ཡང་ལྕགས་ལ་མི་འཇོག་པ་སོགས་བྱིས་པའི་སྤྱོད་པ་ལས་འདས་པའི་ངོ་མཚར་ཡ་མཚན་ཆེ་བའི་མཛད་པ་དུ་མ་མངའ།
དགུང་ལོ་བཅུ་བཞེས་པ་ལྕགས་སྤྲེལ་ལོར་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས་དབུས་ལྗོངས་སུ་ཆིབས་བསྐྱོད་གནང་། རྡོ་རྗེ་བྲག་ཞབས་དྲུང་ལས་དགེ་ཚུལ་གྱི་སྡོམ་བཞེས་ཤིང་། གཞན་ཡང་སྨིན་གྲོལ་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་། ལྷོ་བྲག་ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར། དཔལ་རི་སྤྲུལ་སྐུ་བློ་བཟང་པདྨ་སོགས་ལས་བཀའ་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཞབས་པད་གུས་པས་བསྟེན་ནས་ཟབ་གསང་རྫོགས་པ་ཆེན་པོའི་དབང་ཁྲིད་ལུང་གསུམ་མན་ངག་ཐམས་ཅད་མཐའ་རྒྱ་ཆོད་པར་གསན་ནས་ཐུགས་ཉམས་སུ་བཞེས། གཞན་ཡང་བཀའ་འགྱུར་རོ་ཅོག །རྙིང་མ་རྒྱུད་འབུམ་གྱི་ལུང་སོགས་མང་དུ་གསན། ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེའི་དྲུང་ནས་ཟབ་མོ་དག་སྣང་རྒྱ་ཅན་དང་ཉི་གྲགས་གཏེར་ཆོས་ཡོངས་རྫོགས་སོགས་གསན། རྩིས་དཀར་ནག་སོགས་ཀྱང་གསན་ཚུལ་མཛད། གཙོ་བོར་སྒྲུབ་པ་བསམ་གཏན་གྱི་ཉམས་བཞེས་ཁོ་ན་མཛད་ནས་སྟན་ཐོག་གཅིག་ཏུ་ལོ་མཚམས་བཅུ་གཅིག་ཙམ་མཛད། གཞན་ཡང་ཟླ་བ་གཉིས་སྦྲེལ་གསུམ་སྦྲེལ་ལྔ་དྲུག་སོགས་ཀྱང་མང་དུ་མཛད། འགྲོ་དོན་གདུལ་བྱ་སོགས་ལ་ལྷོ་བྱང་གང་དུ་ཕེབས་ཀྱང་ཟང་ཟིང་ལོངས་སྤྱོད་ཀྱི་འདུ་བ་རྒྱ་མཚོ་ཆེན་པོར་ཆུ་ཕྲན་འདུ་བ་བཞིན་བྱུང་ཞིང་། དེ་ལ་བརྟེན་པའི་སྤྲོས་བཅས་བསོད་ནམས་ཀྱི་ཚོགས་ཀྱང་། རྗེ་བླ་མ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་དུས་དྲན་མཆོད་པར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་ཉིན་གཅིག་དང་། གཞན་ཡང་སཙྪ་འདེབས་པ། མ་ཎི་བརྐོ་བ་རྣམས་ལོ་ལྟར་ཆག་མེད་གནང་ཞིང་། ཆུ་ཚན་འཕྲོད་བཞེས་སོགས་ཀྱང་ལོ་ལྟར་བཞིན་མཛད། ཁྱད་པར་མ་ཎི་རྡོ་མཁར་དབོན་ས་མནྡའི་ས་བོན་ཙམ་གྱི་ཁར་རྗེ་འདི་ཉིད་ཀྱིས་ལོ་རེ་བཞིན་དུ་རྡོ་བརྐོ་བ་ཉི་ཤུ་རྩ་གྲངས་ཀྱིས་ཟླ་བ་རེའི་བར་དུ་བརྐོ་བའི་ཟས་ཡོན་ཡོ་བྱད་ཅི་དགོས་དངོས་པོ་བཟང་ངེས་ཁོ་ན་གནང་ནས་ལོ་ལྟར་ཆག་མེད་མཛད་པས་ཡིག་དྲུག་གཙོ་ཆེ་བའི་གཟུངས་སྔགས་ཀྱི་རིགས་ས་ཡ་ཕྲག་ལྔ་ལྷག་བཅས་ཀྱི་གྲངས་ཡོད་པའི་པད་འབུམ་ཆེན་མོ་བྱིན་རླབས་ཅན་བཞེངས་པ། གཞན་ཡང་འཕགས་ཡུལ་ནས་བོད་དུ་འགྱུར་རོ་ཅོག་གི་བསྟན་བཅོས་པར་མ་ཡོན་གྱིས་བླུ་བ་སོགས་མཛད། ཐུགས་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཡོན་ཏན་ནི་མཐའ་ཡས་པ་མངའ་བ་གཞིར་བཅས་མོད། འོན་ཀྱང་གསུང་སྒྲོས་བསྙེན་ཐོ་ཕྱག་བྲིས་མ་ལྟ་བུ་གང་ཡང་མཐོང་ཐོས་བྱེད་རྒྱུ་མ་རྙེད་པས། འོལ་ཚོད་ཀྱིས་གཏམ་སྨྲ་བ་ག་ལ་སྤོབས། འཕྲལ་གྱི་ཀུན་སྤྱོད་ཀྱང་ཉིན་གཅིག་ཁོ་ན་བཞིན་དུ་དུས་རྟག་ཏུ་ཡང་དེ་ཁོ་ན་ལས་གཞན་དབང་དུ་མི་བཏང་ཞིང་། ཐ་ན་བཞེས་པ་དྲངས་ལུགས། ཆིབས་ལ་བཞོན་བབས་ཀྱི་དུས་ཆིབས་ཁ་ལེན་ལུགས་ཚུན་ཧ་ཅང་ཐལ་བར་འགྲིགས་དགོས་པ་ལ་ཕལ་ཆེར་གྱིས་མཚར་སྣང་དང་དད་ཅན་རྣམས་ཀྱིས་གྲུབ་སྤྱོད་དུ་འཛིན་པའི་ཉམས་མཚར་ཞིག་ཡོད། ཕལ་ཆེར་སྦས་ཚུལ་དུ་བཞུགས་པས་དབང་ལུང་དང་ཆོས་བཀའ་ཕོན་ཆེ་བ་འཆད་སྤེལ་སོགས་མི་མཛད་པས་རྫོགས་ཆེན་ཆོས་རྒྱུད་ཀྱི་གྲལ་ལ་མི་བཞུགས་ཀྱང་། ལོ་ལྟར་ཉམས་ཁྲིད་ལན་གཉིས་གསུམ་རེ་རྒྱུན་ཆགས་སུ་གནང་ནས་དད་ཅན་རྣམས་བསམ་གཏན་ཁོ་ན་ལ་གཞོལ་བར་མཛད། མངོན་པར་ཤེས་པ་ཕྱོགས་མེད་དུ་མངའ་བས་ཀུན་གྱིས་དཔོན་སློབ་རིན་པོ་ཆེའི་གསུང་བརྟག་ཅེས་ཚད་མར་འཛིན། གདན་ས་ལོ་གསུམ་ཙམ་མཛད་ཀྱང་། རྗེ་འདི་ཉིད་བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་རྙིང་པ་ལ་ཐུགས་ཞལ་ཐལ་ཆེས་པས་སྒྲུབ་མཆོད་སོགས་གསར་འཛུགས་རྣམས་ལ་ཐུགས་གཉེར་ཆུང་ཞིང་། ཐུགས་དམ་ཟབ་བཞེས་ཀྱི་རིགས་ཀྱང་བྱིངས་ཆེ་བ་སོགས་ཀྱི་རྒྱུས་དགོན་པའི་བཅའ་ཁྲིསམ་དང་སྒྲིག་རྣམ་གཞག་སོགས་ལ་ཐུགས་རྩོལ་གཟིགས་ཕྱོགས་སླེབས་རྒྱང་ཆེ་བ་རང་གནང་བ་ལ་བརྟེན། གདན་སའི་ཐུགས་ཁུར་བཞག་ནས་སྒྲུབ་གྲྭར་ཕེབས། སྤོང་བ་བསམ་གཏན་གྱི་ཉམས་བཞེས་དང་དད་འབྱོར་ཅན་གྱི་ཡོན་བཞེས་སྨོན་འབྲེལ་དང་། དོན་གཉེར་རྣམས་ལ་ཉམས་ཁྲིད་སོགས་ཀྱིས་གདུལ་བྱའི་རེ་བ་སྐོང་བར་མཛད། སྤྱིར་ཡང་རྗེ་འདི་ལུགས་གཉིས་ཀྱི་འཇུག་པ་གང་ལའང་མཁྱེན་གཟིགས་ཀྱི་དཀྱུས་ཧ་ཅང་མི་རིང་བའི་ཚུལ་མཛད་ཀྱང་། ཇི་སྐད་དུ། སྔོ་པོ་བཀོད་པའི་མདོ་ལས། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། ཞེས་གསུངས་པ་དང་ཚུལ་མཐུན་པར་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འགྲོ་བ་མཆོག་དམན་གང་དང་གང་ཡང་ཞལ་མཐོང་བ་དང་གསུང་ཐོས་པ་ཙམ་གྱིས་གདུལ་བྱའི་ཤེས་རྒྱུད་དབང་མེད་དུ་གཡོ་ནུས་པས་འགྲོ་ཕན་གྱི་འཕྲིན་ལས་གཞན་དོན་གདུལ་བྱ་སོགས་ནི་སུས་ཀྱང་འགྲན་དུ་མེད་དེ། ཇི་སྐད་དུ། ཇི་ལྟར་ཁབ་ལེན་མཐོང་བ་དང་། །ལྕགས་ནི་མྱུར་བར་ཀུན་ཏུ་འཁོར། །འོན་ཀྱང་དེ་ལ་སེམས་པ་མེད། །སེམས་ལྡན་བཞིན་དུའང་རབ་ཏུ་སྣང་། །ཞེས་གསུངས་པའི་དཔེ་དང་ཚུལ་མཚུངས་པར་མཐོང་ཐོས་དྲན་རེག་ཐམས་ཅན་དད་པས་དགེ་བ་ལ་སྦྱོར་ནུས་པའི་འཕྲིན་ལས་དང་། ལོངས་སྤྱོད་ཀྱི་འདུ་བ་ཕུན་སུམ་ཚོགས་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་སོགས། དེ་ལྟ་བུའི་འཕྲིན་ལས་རྨད་དུ་བྱུང་བས་འགྲོ་དོན་དང་གདུལ་བྱ་ཡུན་རིང་དུ་བསྐྱངས་ཤིང་། དེ་ནས་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་བསྟན་ནས་དགུང་ལོ་དོན་ལྔ་པ། རབ་བྱུང་བཅུ་གསུམ་པའི་ནང་ཚན་ཤིང་མོ་གླིང་གི་ལོ། སྤྱི་ལོ་ ༡༨༠༥ ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་རུ་དམ་གདན་ས་ཆེན་མོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །གདུང་ཞུགས་འབུལ་བྱས་པས་རིང་བསྲེལ་མང་དུ་འཕེལ། དགོངས་རྫོགས་མཆོད་སྤྲིན་སྤྲོ་བ་གསེར་གདུང་ཐོག་ཚད་མ་བཞེངས་པ་སོགས་རྗེས་ཀྱི་བྱ་བའང་རྒྱ་ཆེར་ལེགས་པར་གྲུབ་པའོ། ། །།

Menu