གདན་ཚབ་པདྨ་ཀུན་གྲོལ་རྣམ་རྒྱལ་མཆོག

བཀླགས་གྲངས། 81

  ༈ དབོན་རིན་པོ་ཆེ་འགྱུར་མེད་པདྨ་ཀུན་གྲོལ་རྣམ་རྒྱལ་ནི། ཡུལ་ནག་ཤོད་དུ་གྲུབ་པའི་དབང་ཕྱུག་ཁྱབ་བདག་ནམ་མཁའ་འོད་གསལ་གྱི་དབོན་རྒྱུད་དུ་རབ་བྱུང་བཅུ་གཉིས་པའི་མེ་ཕོ་ཁྱི།

སྤྱི་ལོ་ ༡༧༠༦ ལོར་འཁྲུངས། དགུང་ལོ་བཞི་བཞེས་པའི་དུས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ་མཇལ་བས་ཐུགས་རྒྱུད་བྱིན་གྱིས་བརླབས་ཏེ་གཏེར་ཆེན་དེ་ཉིད་ཀྱིས་དགྱེས་ཉམས་དང་བཅས་ཚོགས་འཁོར་གནང་ནས་དབང་ཆེན་རྟ་མགྲིན་གྱི་སྤྲུལ་པ་ཡིན་ཞེས་བསྔགས་པ་རྒྱ་ཆེར་བསྩལ། དེ་དུས་ཙམ་ནས་འཁོར་བའི་ཆོས་ལ་ཐུགས་དབྱུང་སྟེ་བཅོས་མིན་གྱི་ངེས་འབྱུང་དྲག་པོ་སྐྱེས། མནལ་ལམ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འགྲོ་བ་འདི་རྣམས་འདྲེན་པར་གྱིས་ཞེས་ལུང་བསྟན་བསྩལ། སྐུ་ན་ཕྲ་མོའི་དུས་ཤིག་དཔལ་མགོན་སེང་གདོང་ཅན་གྱི་བཀའ་སྡོད་དུས་མཚན་ཕོ་མོས་དངོས་སུ་རྩེ་རོགས་དང་ཕྱག་མཚན་ཐོད་དབྱུག་གི་རྣམ་པ་ཞིག་ཕྱག་ཏུ་གཏད་པའི་ལོ་རྒྱུས་ཀྱང་ཡོད། དེ་ནས་དངོས་ཉམས་རྨི་ལམ་ཐམས་ཅད་དུ་བཀའ་སྲུང་གཟའ་བདུད་ཆེན་པོས་ཞལ་བསྟན་ནས་ཁུ་བོ་བླ་མའི་དྲུང་དུ་མྱུར་དུ་སོང་ཤིག་ཅེས་ཡང་ཡང་བསྐུལ་བ་དང་། ཡང་མི་དམར་ལག་པ་བཞི་པ་ཞིག་གིས་སྐྱོ་རོགས་བྱེད་ཅིང་སྤྲོ་བསྲིང་བ་སོགས་བྱུང་།
དེ་ནས་མི་རིང་བར་མདོ་ཁམས་སྨད་དུ་ཕེབས། དགུང་ལོ་བཅུ་དྲུག་པ་ལ་ཁྱབ་བདག་ནམ་མཁའ་འོད་གསལ་དང་མཇལ། རབ་ཏུ་བྱུང་ནས་མཚན་པདྨ་ཀུན་གྲོལ་དུ་གསོལ། སློབ་དཔོན་དགེ་བའི་བཤེས་གཉེན་ཨོ་རྒྱན་ཡོངས་གྲོལ་བསྟེན་ནས་ལྕགས་ཀློག་ནན་ཆེར་སྦྱངས། དེ་སྐབས་དཔལ་རྟ་མགྲིན་ནག་པོ་མེ་དཔུང་གི་དབུས་ན་བཞུགས་པ་རི་རབ་ཙམ་ཞིག་ཞལ་གཟིགས། ལྷ་འདི་ལན་ལྔ་ཙམ་ཞལ་གཟིགས་པའི་ཞལ་གཟིགས་ཐམས་ཅད་ཀྱི་ཐོག་མ་ཡིན། དེ་ནས་དཔོན་སློབ་རིན་པོ་ཆེའི་དྲུང་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་དང་། ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་གསན་ནས་ཟབ་ལམ་གྱི་ཉམས་བཞེས་རྩེ་གཅིག་ཏུ་གནང་ནས་ལྟ་སྒོམ་གྱི་སྒྲོ་འདོགས་བཅད་ནས་ཉམས་ལེན་ལ་རྡོ་རུས་གཏུག་ཅིང་། གཞན་ཡང་བཀའ་ཆོས་མང་དུ་གསན། ཐུགས་དམ་ཟབ་བཞེས་ཀྱིས་ཉམས་ལེན་གོ་ཉམས་རྟོགས་པའི་ཚུལ་ལ་དཔོན་སློབ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་ངའི་དབོན་པོ་འདི་ཕོ་རྒོད་རབ་ཞིག་ཏུ་ཡོང་བར་འདུག་གོ་ཞེས་ཡང་ཡང་གསུངས། དེ་སྐབས་དུས་འགྱུར་གྱི་དབང་གིས་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཕྱོགས་འདིར་ཆིབས་བསྐྱོད་གནང་བ་ལས། སྙན་རྒྱུད་རྡོ་རྗེ་ཟམ་པ་སོགས་བཀའ་གཏེར་ཆོས་ཚུལ་མང་དུ་གསན། མཚན་འགྱུར་མེད་པདྨ་བསྟན་འཛིན་དུ་གསོལ། གདུང་ལོ་ཉེར་གཅིག་པ་ས་ཕོ་རྟ་ལོར་དབུས་ཕྱོགས་སུ་ཕེབས། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་གཙུག་ལག་ཁང་དང་རྟེན་གསུམ་རྣམས་ལ་མཆོད་སྤྲིན་སྤྲོ་བ་དང་བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བའི་བསྔོ་སྨོན་ཐུགས་འདུན་དང་། རྡོ་སྨིན་གཉིས་གཙོ་བོར་གྱུར་པའི་རང་ལུགས་སྔ་འགྱུར་རྙིང་མའི་བླ་མ་རྣམས་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལ་དགྱེས་དགུར་རོལ་ཞིང་། སྨིན་གླིང་མཁན་ཆེན་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པས་དགེ་སློང་གི་དངོས་པོར་བསྒྲུབས་ནས་མཚན་སྔར་གྱི་འཕྲོར་རྣམ་རྒྱལ་བཟང་པོར་གསོལ། ངུར་སྨིག་གི་རྒྱལ་མཚན་འཛིན་པའི་བརྟུལ་ཞུགས་ཀྱིས་སྤ་བར་མཛད། ཁྱད་པར་ལྷ་སར་བཞུགས་སྐབས་སྦས་པའི་ཚུལ་འཛིན་རང་གྲོལ་གྱི་རྣལ་འབྱོར་མ་ཌཀྐིའི་དབང་མོ་ཞིག་གིས་བྱིན་གྱིས་བརླབས་ཏེ་སྙན་བརྒྱུད་ཀྱི་གདམས་པ་གཏད་ནས་ལྟ་སྒོམ་གྱི་ངོ་སྤྲོད་གནང་བས་ཕྲ་རགས་ཀྱི་རྟོག་པ་ཆོད། སྣང་སེམས་རོ་གཅིག་ཏུ་འདྲེས། ལྟ་སྒོམ་ཀློང་དུ་གྱུར། རྫོགས་པ་ཆེན་པོའི་ལྟ་གྲུབ་ལ་ཐུགས་ངེས་གཏིང་ནས་འདྲོངས་པར་གྱུར།
གཞན་ཡང་དེ་སྐབས་ཞལ་གཟིགས་དང་། གདུག་འདྲེ་གསར་པ་དམ་ལ་བཏགས་པ་སོགས་ངོ་མཚར་ཅན་མང་དུ་བྱུང་བར་སྣང་། ལྷོ་བྲག་ཏུ་བྱོན་སྐབས་ལམ་རྒྱུས་མེད་པར་སྲུང་མས་དངོས་སུ་ལམ་སྟོན་པ་བྱུང་ཞིང་། ཐུགས་སྲས་ལྔ་པ་ལས་ཀྱང་ཆོས་བཀའ་མང་དུ་གསན། སླར་ཕྱིར་ཕེབས་ཞོར་ལ་གཏེར་ཆེན་བླ་མའི་གདན་ས་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ལས་བཀའ་ཆོས་མང་དུ་གསན། རིམ་པས་རྫོགས་ཆེན་དགོན་དུ་ཕེབས་དེ་དཔོན་སློབ་གཞན་དོན་ལ་དགོངས་པར་གྱུར་ཀྱང་མཆོག་སྤྲུལ་རིན་པོ་མཇལ། དེ་སྐབས་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་གདན་ས་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཕེབས། རྒྱལ་ཚབ་དམ་པ་བློ་གྲོས་རྒྱ་མཚོ་ལས་ཉི་གྲགས་གཏེར་གསར་ཡོངས་རྫོགས་བུམ་པ་གང་བྱོར་བཞེས་པས་འཕྲིན་ལས་གང་བརྩམས་རྩོལ་མེད་དུ་གྲུབ་པར་བྱུང་ཞིང་ཁྱད་པར་ཟབ་ལམ་གསང་བ་འདུས་པའི་བསྙེན་སྒྲུབ་གནང་བས་རང་རིག་དོན་གྱི་འཕགས་པའི་རང་ཞལ་མངོན་དུ་གཟིགས། རུ་དམ་ཕུར་རི་ཁྲོད་དུ་བཞུགས་སྐབས་ཟངས་མདོག་དཔལ་རིར་ཕེབས་པའི་མནལ་ལམ་དག་སྣང་བྱུང་ཞིང་། སླར་ཡང་གཏེར་ཆེན་བླ་མའི་གདན་སའི་གཙང་ཁང་གཡས་པར་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྐུ་བརྙན་བྱིན་ལྡན་ཞིག་སྔར་ནས་བཞེངས་ཡོད་ཀྱང་འཁོར་རྣམས་བཞེངས་མ་གྲུབ་པར། གཏེར་ཆེན་དེ་ཉིད་ཀྱི་རྒྱལ་ཚབ་དམ་པར། ད་ལམ་འཁོར་རྣམས་བཞེངས་མ་གྲུབ་ཀྱང་། མ་འོངས་པ་ན་འདིའི་འཁོར་དུ་སྒྲུབ་སྡེ་བརྒྱད་ཀྱི་གཙོ་བོ་དཔལ་ཆེན་དགུའི་སྐུ་བརྙན་བཞེངས་པ་ཞིག་མྱུར་དུ་འབྱུང་བས་དེ་དུས་ནང་གཟུངས་བྱིན་རྟེན་འདི་རྣམས་འཇོགས་དགོས་གསུངས་ནས་བྱིན་རྟེན་ཐུམ་བུ་བརྒྱད་ཕྱག་ཐམ་གྱིས་མནན་ནས་གནང་ཡོད་པར། དེ་སྐབས་རྗེ་འདིར་དངོས་ཉམས་རྨི་ལམ་ཐམས་ཅད་དུ་དམ་ཅན་ཆེན་པོས་ཡང་ཡང་བསྐུལ་བས་འབྱོན་པར་བཞེད་པའི་ཚེ་ཡོ་བྱད་གཏོས་ཆེ་བ་ཞིག་ཀྱང་དེ་འཕྲལ་འབུལ་མི་བྱུང་བ་དང་། བླ་མ་མཆོག་གིས་ཀྱང་མངོན་པར་མཁྱེན་པས་གཟིགས་ནས་སྲོག་ཤིང་སོགས་ཉེར་མཁོ་ཐམས་ཅད་ཐུགས་ཚགས་གནང་གྲུབ་འདུག་པས་བཀའ་བརྒྱད་དཔལ་དགུའི་སྐུ་བརྙན་དངོས་གཙང་བ་བཞེངས། བླ་མ་ལྷན་རྒྱས་ཀྱིས་རབ་གནས་མཛད་པའི་ཉིན་དེར་དེ་གའི་སྐུ་རྟེན་པར་ཡང་ཆོས་སྐྱོང་ཆེན་པོ་ཁོག་ཞུགས་ཐོག་མར་ཐོག་བབས་སུ་བྱུང་འདུག་ཅིང་། རྗེ་འདི་ཏེར་ལུང་ནས་ཀྱང་། ལྷ་སྲས་སྤྲུལ་པས་བསྟན་ལ་ཕན་པར་སྐྱོང་༔ ཞེས་དང་། པདྨ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མདོ་ཁམས་སྟོད་ནས་རྒྱལ་གྱི་མིང་ཅན་འབྱུང་༔ ཞེས་ལུང་བསྟན་པ་ལྟར་གཏེར་ཆེན་འདི་བསྟན་པ་ལ་ཐུགས་བསམ་དཀར་ཞིང་མཛད་པའི་ཕྱག་རྗེས་ཀྱང་ཆེའོ། །
དེ་ནས་གནས་ངེས་མེད་དུ་བྱ་བཏང་གི་ཆ་ལུགས་ཁོ་ནས་ཆིབས་སོགས་སྤངས་ཏེ་ཞབས་པད་བསྐྱོད་ཅིང་། འཛིན་གཙང་དཀར། རྟ་ཁོག་ཕ་ཝང་བོན་མོ་སོགས་གནས་གཉན་ཁྲོད་རྣམས་སུ་བཞུགས་ཤིང་། ཐུགས་དམ་གྱི་བོགས་འདོན་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། མཆོག་སྤྲུལ་དམ་པའི་བཀས་ལེབ་དགོན་དུའང་ཐོག་གཅིག་བཞུགས། དེ་སྐབས་སྨིན་གླིང་གཏེར་ཆེན་གྱི་ཞལ་སློབ་རྫ་བླ་མ་འགྱུར་མེད་སྐལ་བཟང་གདན་དྲངས་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་དུ་མ་གསན། ཁྱད་པར་རྩ་རླུང་གཏུམ་མོ་སོགས་ལ་རྟགས་དང་ནུས་པ་ཐོན་པ་མཛད། དེ་སྐབས་ལྕགས་སྤྲེལ་ལོར་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་དཔོན་སློབ་སྤྲུལ་སྐུ་བཅས་དབུས་གཙང་ཕྱོགས་སུ་ཆིབས་བསྒྱོད་གནང་བས་རྒྱལ་ཚབ་ཏུ་གདན་སའི་ཁུར་བཞེས་མཛད། གཏེར་ཆེན་ཉི་གྲགས་ཀྱིས་གླང་ཐང་སྒྲོན་མ་ནས་གཏེར་དུ་བཞེས་པའི་རྗེ་བཙུན་ཨརྱ་ཏ་རེའི་སྐུ་བརྙན་གྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེ་ཉིད་གཏེར་ཆེན་གྱིས་དཔོན་སློབ་རིན་པོ་ཆེ་ལ་གནང་ཞིང་དཔོན་སློབ་རིན་པོ་ཆེས་རྗེ་དབོན་དམ་པ་འདིར་གནང་བ་འབྲལ་སྤོང་མཛད་ཀྱང་། ནུབ་གཅིག་རྗེ་འདི་ཉིད་སྔོན་བློན་པོ་མགར་སྟོང་བཙན་ཡུལ་བཟུང་དུ་སྐྱེས་དུས་བལ་ཡུལ་དང་རྒྱ་ནག་རྣམས་སུ་བྱོན་ལུགས་རིག་པའི་འཕྲུལ་སྣ་ཚོགས་ཀྱིས་རྒྱ་བལ་བཏུལ་ནས་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས་ཚུལ་སོགས་མངོན་སུམ་ཇི་བཞིན་སྒྲིབ་མེད་གསལ་པོར་གཟིགས་པ་ཞིག་བྱུང་ཞིང་། སྒྲོལ་མའི་སྐུ་དེ་གླང་ཐང་རང་དུ་བཞུགས་ན་མདོ་ཁམས་སྨད་འདིར་བགྲང་བྱས་བཅུ་གཉིས་ཀྱི་བར་དུ་བསྐལ་པ་ངན་པ་གསུམ་གྱིས་གཙོས་པའི་མི་མཐུན་པའི་རྒུད་པ་ཐམས་ཅད་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ལུང་བསྟན་དང་རྒྱལ་ཆེན་སྡེ་བཞིས་ཀྱང་ཞབས་བསྐུལ་ཡང་ཡང་བྱུང་བས། བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ཐུགས་བསྐྱེད་རྣམ་པར་དག་པས་བསྟན་འགྲོར་ཕན་པའི་སྨོན་འདུན་དང་བཅས་གནས་དེར་གཞུགས་སུ་གསོལ་བ་ཡིན་ལ། ཡང་ནུབ་གཅིག་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་དེ་ཉིད་ཀྱིས་གཏེར་ཆོས་པུ་ཏི་རྣམས་དབུ་ཐོག་ཏུ་བཀོད་ནས་བཀའ་གཏད་མཛད་པ་དང་བཀའ་སྡོད་ཞིང་སྐྱོང་ཆེན་པོའང་མངོན་སུམ་གཟིགས་པ་བྱུང་ཞིང་། ཉེ་བརྒྱུད་ཀྱི་བཀའ་བབ་དེ་བཞིན་ཡོད་ཀྱང་། སླར་ཡང་སྟག་བླ་རིག་འཛིན་ཀུན་བཟང་རྣབམ་རྒྱལ་དང་རྡོ་རྗེ་དཔའ་བོ་སོགས་ལས་གཏེར་ཆོས་ཡོངས་རྫོགས་གསན། དེ་སྐབས་རིག་འཛིན་ཀུན་བཟང་རྣམ་རྒྱལ་གྱིས་ཁོ་བོ་ལ་སྤྱིར་སློབ་མ་གྲངས་ཀྱི་མི་ཆོད་ཅིང་། གཙོ་བོ་བུམ་འཛིན་ནུས་པ་བདུན་བརྒྱ་དང་དགོངས་པ་མངོན་དུ་གྱུར་པ་བཞིར་ཉེ་བ་ཡོད་པའི་ཡ་གྱལ་གཅིག་ཁྱོད་ཉིད་ཡིན་ཞེས་གསུངས་ནས་རྗེ་འདིར་བསྔགས་བརྗོད་མང་དུ་མཛད། ཀཿ ཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་དང་བཀའ་ཆོས་ཕར་ཕུལ་ཚུར་གསན་མང་དུ་མཛད་ཅིང་རྗེ་དེས་ཀྱང་བསྔགས་བརྗོད་མང་པོ་མཛད། ཁྱད་པར་གཞུགས་གནས་གང་འགབ་སོགས་གསུང་བརྟག་ཞུས་པ་རྒྱ་རོང་དུ་ད་ལྟའི་དགོན་པ་ཡོད་པ་འདི་གར་ལུང་བསྟན་པ་དང་སྔར་བོད་ལ་ཕེབས་དུས་གྲེས་པ་སྔགས་འཆང་ལ་ཞུས་པ་དང་ལུང་བསྟན་མཚུངས་པས། ཆུ་ཁྱི་ལོར་གནས་དེར་ཞབས་ཀྱིས་བཅགས་ཤིང་བཞུགས་གནས་ཀྱི་གཞི་འདེང་བར་མཛད། ཤིང་བྱི་ལོར་ཉི་གྲགས་མཆོག་སྤྲུལ་གནས་དེར་དགུན་བཞུགས་མཛད་པ་ནམ་དག་སྣང་རྒྱ་ཅན་གསན་ཅིང་། རྗེ་དབོན་ཉིད་ཀྱི་ཞལ་སློབ་ཀྱི་ཐོག་མ་དགེ་སློང་སྐལ་བཟང་དོན་ཡོད་སོགས་འདུས་ཚོགས་བརྒྱ་ཕྲག་ཙམ་ལ་རྫོགས་ཆེན་གྱི་ཉམས་ཁྲིད་བསྩལ། གཉན་ཆེན་གེར་མཛོས་སྣང་སྲིད་དྲེགས་པའི་བླ་རྡོ་རང་སྲོག་དངོས་སུ་ཕུལ་བ་ཕྱག་ཏུ་སོན། དེ་སྐབས་ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་མཛོད་བདུན་པར་རྐོ་པའི་དགོངས་པས་མཆོག་སྤྲུལ་རིན་པོ་ཆེར་བཀའ་གྲོས་ཕུལ་ནས་དངོས་རྫས་ཕྱག་ཏུ་གང་ཡོད་བསྒྲིལ་ནས་ཕུལ། དེའི་དུས་སུ་དབྱིངས་སྣང་འཇའ་གུར་གྱི་དབུས་ན་ཀུན་མཁྱེན་ཀློང་ཆེན་པས་དངོས་སུ་ཞལ་གཟིགས་ནས་འོད་གསལ་རྡོ་རྗེ་རྩེ་མོའི་དཀའ་གནད་རྣམས་ལེགས་པར་བཀྲོལ་བར་མཛད་པས་ཟབ་མོའི་གནས་ལ་མི་འཇིགས་པའི་སྤོབས་པ་དང་རྟོགས་པའི་ངོ་བོ་གོང་དུ་འཕེལ་ཏེ་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར། མི་རིང་བར་མཆོག་སྤྲུལ་རིན་པོ་དེ་ཉིད་གཞན་དོན་ལ་དགོངས་པས། རྗེ་འདིར་དོན་བརྒྱུད་ཀྱི་བསྟན་པ་དང་གདན་སའི་ཁུར་བཅས་ལྷན་གཅིག་ཏུ་གཏད་པས། དངོས་རྫས་སྟོང་ཇ་གཅིག་ཙམ་གྱིས་དགོངས་རྫོགས་ཀྱང་རྒྱ་ཆེར་སྤྲོས། བཟང་ཇ་ལྔ་བརྒྱ་ལྷག་གི་དངོས་རྫས་ཀྱིས་གསེར་གདུང་རིན་པོ་ཆེ་དངོས་གཙང་བཞེངས་ནས་གཏེར་བྱོན་རྟེན་གསུམ་ཁྱད་འཕགས་མང་པོ་གཙོ་བོར་གྱུར་པའི་རིང་བསྲེལ་རྣམ་པ་བཞིའི་ཕྱུར་བུར་གཏམས། དབུས་ལྗོངས་བླ་དགོན་ཡོངས་ལ་བསྙེན་བཀུར་གྱིས་མཆོད་པ་དང་མཆོག་སྤྲུལ་རིན་པོ་ཆེ་ངོས་འཛིན་བརྟག་ཞུ་སོགས་དོགས་གཅོད་མཛད་དགོས་གང་ཅིར་ཞབས་རིངས་པ་བླ་མ་པདྨ་ཐེག་མཆོག་རྫོང་བརྡ་གནང་། ས་མོ་ཡོས་ཀྱི་ལོར་འདུ་ཁང་ཆེན་མོ་ཀ་བ་བཞི་བཅུས་བཏེགས་པའི་བཀོད་ལེགས་གསར་བསྐྲུན་མཛད། རྫོགས་ཆེན་མཆོག་སྤྲུལ་གསུམ་པ་རྫ་ཁོག་ཏུ་འཁྲུངས་པར་ངོས་འཛིན་ཕུལ་ནས་བསུ་བའི་བཀོད་བཤམས་ཁྲིར་འདོན་གྱི་ཞལ་བསྲོ་སོགས་བློའི་ར་བ་ལས་བརྒལ་བ་རྒྱ་ཆེར་བསྩལ་ནས་གདན་ས་ཆེན་པོར་སྤྱན་དྲངས་ནས་སྲི་ཞུས་མཆོད། དེ་ནས་རྒྱལ་རོང་དུ་ལོ་གསུམ་དུ་སྐུ་མཚམས་བཅད་རྒྱར་བཞུགས། སྐུ་མཚམས་སྔ་ཕྱིར་ལོ་བཅོ་ལྔ་ཙམ་སོང་གསུངས།
འདི་སྐབས་ཤིག་གི་དུས་ཨོ་རྒྱན་ཆེན་པོ་མཁའ་འགྲོ་གཉིས་དང་བཅས་པ་དངོས་སུ་ཞལ་གཟིགས། སྔར་དུས་ཤིག་སྙི་སྨན་ཆུ་ཁར་ཕེབས་པའི་ལམ་དུ་རྗེ་ཉིད་འཇའ་གུར་གྱིས་གཡོགས་ཤིང་། གཞན་ལ་འཇའ་གུར་འཇུག་པ་ན་དེ་ཕྱོགས་ནས་ཡལ་འགྲོ་བ་ཞིག་བྱུང་བས་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། དེ་སྐབས་གཏེར་གྱི་ཁ་བྱང་ཞིག་ཕྱག་ཏུ་སོན་ཡང་བདག་གིར་མ་མཛད་དོ། །དེ་ཕྱིན་རྫས་གཏེར་ཕྲན་བུ་འགའ་ཞིག་དང་། དགོངས་གཏེར་ཆད་ཆུད་ཕྲན་ཚེགས་ཙམ་ལས་ཟབ་གཏེར་བཞེས་པར་མ་གནང་སྟེ། ཨོ་རྒྱན་ཆེན་པོས་རེས་འགའ་མི་འབྱིན་གཏེར་སྙིང་བསྟན་པ་སྐྱོང་༔ ཞེས་གསུངས་པ་ལྟར་ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བ་ཞིག་ཏུ་ངེས་ཀྱང་གཏེར་རྙིང་གི་བསྟན་པ་སྐྱོང་བ་ལ་ཐུགས་བསྐྱེད་དང་སྔོན་སྨོན་གྱི་མཐུ་གྲུབ་པའི་རྟེན་འབྲེལ་གྱིས་སྐུ་ཚེ་འདིར་གཏེར་བཞེས་པར་མ་གནང་བར་འདུག་གོ །གཞན་ཡང་གཏེར་ཁ་ཟུང་གི་གཤིན་རྗེ་ཆོག་ཁྲིགས་མཛད་སྐབས་རྒྱལ་ཡུམ་མཚོ་རྒྱལ་གཤིན་རྗེ་དམར་པོའི་སྐུར་བཞེངས་ནས་དབང་དང་བྱིན་རླབས་བསྩལ་བ་དང་། ཁྲ་བྲག་ཕུར་པའི་ཆོག་ཁྲིགས་མཛད་སྐབས་མནལ་ལམ་དུ་དཔལ་ཆེན་བཛྲ་ཀུ་མ་རའི་སྐུ་མཇལ་ཞིང་བྱིན་རླབས་མཛད་པ་དང་། དུག་གདོང་ཆོག་ཁྲིགས་མཛད་སྐབས་སྣོད་བཅུད་ཐམས་ཅད་འཇམ་དཔལ་ཁྲོ་བོའི་སྐུ་དང་ཞིང་ཁམས་སུ་གཟིགས་པ་དང་། སྐུ་ལྟེམ་པའི་སྐབས་ཤིག་དྲང་སྲོང་ཆེན་པོ་མངོན་སུམ་དུ་གཟིགས་པས་དེའི་སྟེང་ཐད་ན་རྟ་མགྲིན་དམར་པོ་ལྷ་ལྔའི་རྣམ་པས་དྲང་སྲོང་གི་སྐུ་དེ་ཟིལ་གྱིས་མནན་ནས་སར་ཐིམ་ཞིང་། རྟ་མགྲིན་གྱིས་སྐུ་ལས་འོད་ཟེར་དམར་པོས་སྣང་སྲིད་ཁྱབ་པས་སྲུང་མའི་འཚུབ་ལྷོང་ཞི་བ་མངོན་སུམ་དུ་གཟིགས་པ་སོགས་དང་། ཡང་སྔ་མོ་ཞིག་ལ་སྤྱི་རྒྱལ་སྟག་རིར་གྲགས་པའི་གཞི་བདག་དེའི་གམ་དུ་ཞབས་བསྐྱོད་གནང་སྐབས་གློ་བུར་དུ་ཞབས་ལ་སྙུང་ཟུག་ཞིག་བྱུང་བ་གཞི་བདག་གི་ཆོ་འཕྲུལ་དུ་དགོངས་ནས་ས་དམིགས་ཀྱི་རྡེའུ་ཞིག་ཞབས་ཕྱག་ཏུ་གཅུག་ནས་ཏིང་ངེ་ཛིན་གྱིས་གཅུན་པས་ཁོ་བྲེད་ཅིང་སྔངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཞག་པས་ཕྱིན་ཆད་འཚེ་བ་མེད་པར་སྡོང་གྲོགས་བྱེད་པ་བྱུང་ཞིང་། དེར་མཚུངས་དབུ་རིའི་བཙན་དང་། ལྡོག་ལུང་གི་བདུད་སོགས་གཟུགས་མེད་མང་པོ་ཚར་གཅོད་རྗེས་འཛིན་མཛད་པ་དང་། གདན་ས་ཆེན་པོར་ཡང་འདྲེ་ངན་མང་པོ་བཏུལ་ཞིང་དམ་ལ་བཞག་པ་དང་། ཕ་རོལ་གྱི་རྦད་འདྲེ་རྟོལ་པོའི་གཟུགས་ཀྱི་མཆུ་ཏིང་འཛིན་གྱི་སྲད་བུས་བཅིངས་པ་སོགས་མི་མ་ཡིན་གདུག་ཅན་མང་པོ་ཚར་གཅོད་པའི་མཛད་པ་སོགས་མང་དུ་ཡོད་ལ། གླིང་ཚང་དུ་ཞབས་བསྐྱོད་གནང་སྐབས་ཁྱིམ་གཞན་ཞིག་ནས་གསོལ་ངན་ཞིག་ཞུས་པ་དེ་འཕྲལ་རླུང་བུམ་པ་ཅན་གྱི་སྦྱོར་བས་འཁྲུ་བར་གནང་བས་གནོད་མ་ནུས་པ་དང་། ཏིང་ངེ་འཛིན་ལ་གསལ་སྒྲིབ་མེད་པས་མནལ་དུ་བཞུགས་སྐབས་ཀྱང་ཞལ་འདོན་སོགས་ཚེགས་མེད་ནུས་པ་དང་། འབྱུང་བའི་སྒྲ་ལས་སེམས་ཅན་སྐྱེ་འཆི་སོགས་ལེགས་ཉེས་ཅི་འབྱུང་གསན་པ་དང་། གཞན་རྒྱུད་ཀྱི་རྟོག་པ་ཇི་བཞིན་མཁྱེན་པ་དང་། སྐུ་ལྟེམ་པའི་ཚུལ་བསྟན་པའི་དུས་གེར་མཛོ་ལ་སོགས་པའི་གཞི་བདག་རྣམས་ཀྱིས་བསྙུང་གཡོག་སོགས་མངོན་སུམ་དུ་བྱེད་པ་དང་། སྲུང་མ་རྣམས་ཀྱིས་འཕྲིན་ལས་གང་བཞེད་བསྒྲུབས་ཤིང་ཁྱད་པར་སྤྱི་སྒོས་བསྟན་ལ་འཚེ་བའི་གདུག་ཅན་འགའ་ཞིག་དུས་མཐའི་ལམ་དུ་གཏང་བ་སོགས་ཆོས་སྐྱོང་བྲན་དུ་ཁོལ་བའི་མངོན་རྟགས་གསལ་བ་དང་།
གཞན་ཡང་སྔ་མོ་ནས་བཟུང་བདུད་རྩི་སྨན་སྒྲུབ་དང་། སྐྱེ་བདུན་མྱོང་གྲོལ། ཕུར་པའི་སྒྲུབ་ཆེན་སོགས་ལན་གྲངས་དུ་མ་མཛད་དེ། དེ་དག་གི་དུས་རྣམས་སུ་བདུད་རྩི་ཁོལ་བ། དྲི་བཟང་འཐུལ་བ། སྨན་དང་རིབ་བུ་འཕེལ་བ། རྒྱང་རིང་དད་ལྡན་འགའི་སར་རིལ་བུ་འཕུར་བ། གཏོར་མ་དང་ཕུར་ཆ་ལས་མེ་འབར་བ་སོགས་བགྲངས་ཀྱི་མི་ལངས། སྐབས་ཤིག་མནལ་ལམ་དུ་དྭངས་ཤེལ་ལས་གྲུབ་པའི་གུར་ཤིན་ཏུ་ཡངས་པ་ཞིག་གི་ནང་དུ་སྟོད་ན་རིག་འཛིན་བརྒྱུད་པ་རྣམས་དང་། བར་དུ་དབང་ཆེན་རྟ་མགྲིན་གྱི་ལྷ་ཚོགས་དང་། སྒོར་སྲུང་མ་རྒྱལ་བཙན་སོགས་བཞུགས་པ་ཞིག་གཟིགས་པའི་ཕྱི་ཉིན་ཆེ་ཡོ་རིག་འཛིན་ཆེན་པོ་མཇལ་དུ་བྱོན་པས་ཁྱེད་རང་དམ་ཚིག་གཙང་བའི་རྟགས་སུ་ངེས་ཤིང་དབང་ཆེན་རྟ་མཆོག་འདི་ཉིད་ཡི་དམ་དུ་བསྟེན་ན་ལེགས་ཚུལ་གསུངས། ཡང་དགོན་ཕུར་རྣལ་འབྱོར་གྱི་ཆས་དང་ལྡན་པ་གཉིས་ཀྱི་འཕྲོར་རྗེ་ཉིད་དེ་འཕྲོར་གཅིག་ཡོད་པ་སོགས་གཟིམས་ལམ་དུ་བྱུང་ཚུལ་གསུངས་ཤིང་། དེ་དག་ཀྱང་རྫོགས་པ་ཆེན་པོའི་ལྟ་གྲུབ་གཙང་མར་འཛིན་པ་འགའ་ཞིག་བྱོན་པའི་བརྡར་བཞེད། དེ་སྐབས་སྟག་མོ་སྒང་དུ་ཕེབས་ཏེ་ཉི་སྤྲུལ་རིན་པོ་ཆེར་བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཕུལ་ཞིང་། ཚུར་ཡང་ཆོས་བཀའ་འགའ་ཞིག་གསན། སྟག་སྔ་འདུས་སྡེར་ཡང་ཉི་སྤྲུལ་རིན་པོ་ཆེའི་གསུང་བཞིན་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་བསྩལ། དེ་ནས་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེར་དབང་ལུང་གི་རིགས་མང་པོ་ཆེད་གཏད་དུ་གནང་ཞིང་། གོང་མ་རྣམས་ཀྱིས་གཤེགས་རྫོགས་སུ་བུམ་སྒྲུབ་ཆེན་མོ་ལོ་ལྟར་ཚོགས་རྒྱུའི་ཆས་དང་དངོས་རྫས་གཏན་བཞག་སོགས་ཀྱི་ཞལ་བཀོད་མཛད། རབ་འབྱམས་སྤྲུལ་པའི་སྐུ་དང་། ཉི་སྤྲུལ་སོགས་གཤེགས་པའི་དགོངས་པ་རྫོགས་ཐབས་དང་རྗེས་ཀྱི་བྱ་བ་འདི་དགོས་སོགས་ཀྱི་འགན་བཞེས་མཛད། དེ་ཕྱིན་འདུས་པ་ཡས་ཕྱིན་རྣམས་སུ་ཁོ་བོ་ཡུན་རིང་ཨེ་སྡོད་མི་ཤེས་པས་ཁྱེད་རྣམས་ཀྱང་ཆོས་ཚུགས་ཟིན་ངེས་དང་ལུགས་གང་ཡང་ཁོ་བོ་ཡོད་དུས་ལྟར་གྲུབ་དབང་རྫོགས་ཆེན་པས་སྲོལ་བཏོད་པའི་ཚུལ་འདི་དག་མ་ཉམས་པར་བྱེད་དགོས་སོགས་ཐུགས་སྣ་ཐུང་ཐུང་ལྟ་བུའི་ཞལ་ཏ་དང་བློབ་སྟོན་ཡང་ཡང་ཕེབས་ཤིང་། ཁྱད་པར་དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ། སྤྱི་ལོ་ ༡༧༧༣ ལོར་རྒྱལ་རོང་དུ་ཕེབས་ཁར་མཆོག་སྤྲུལ་དམ་པར་གྲུབ་དབང་རིན་པོ་ཆེའི་ཕྱག་དཔེ་ངོ་མ་ཕུར་པའི་པུ་ཏི་སོགས་ཕྱག་ཏུ་ཕུལ་ནས་འཕྲལ་དང་ཡུན་གྱི་བསླབ་བྱ་མང་པོ་ཞལ་ཆེམས་ཀྱི་ཚུལ་དུ་ཞུས་ཤིང་དོན་གྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་གཏད་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པ་ལ་མངའ་གསོལ།
དེ་ནས་རྒྱལ་རོང་དུ་ཕེབས། སྒྲུབ་ཆེན་འགའ་ཞིག་བཙུགས་པའི་ཚོགས་དབུར་ཕེབས་སྐབས་མཆོག་སྤྲུལ་ནམ་མཁའ་མཆོག་གྲུབ་ལ་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་ཐམས་ཅད་ཁྱོད་ཀྱིས་གྱིས་ཤིག་གསུངས་ནས་དབུ་ཞྭ་བེར་ཕོད་སོགས་གནང་སྟེ་རྒྱལ་ཚབ་དུ་མངའ་གསོལ། སྒྲུབ་ཆེན་གྱི་རིང་སོགས་ལ་སྣང་གྲགས་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོི་སྐུ་དང་སྔགས་སུ་གསན་གཟིགས་བྱུང་བའི་གསུང་འཕྲོར་བསྩལ། དེ་ནས་མི་རིང་བར་ཅུང་ཟད་སྐུ་ལྟེམས་པའི་ཚུལ་དང་བཅས་གཟུགས་སྐུའི་བཀོད་པ་ཕྱོགས་གཅིག་ཏུ་བསྡུས་ནས་འོག་མིན་ཆེན་པོར་རང་སྣང་ལོང་སྐུའི་ཞིང་ག་ལ་བ་དེར་གཤེགས་པར་གྱུར་ཏོ། །གདུང་ཞུགས་འབུལ་བགྱིས་པས་ཐུགས་ལྗགས་སྤྱན་གསུམ་ཞུགས་ཀྱིས་མ་སྨས་པ་དང་རིང་བསྲེལ་ཕྲ་མོ་མང་དུ་བྱོན། གདན་ས་ཡས་ཕྱིན་ནས་དགོངས་རྫོགས་མཆོད་སྤྲིན་སྤྲོ་བ་དང་། སྐྱེས་བུ་ཆེན་པོའི་གསང་ལུང་བཞིན་གསེར་གདུང་ཁྱད་མཚར་གདན་ས་གོང་མར་བཞེངས་པ་སོགས་སྲི་ཞུ་ཕུལ་དུ་བྱུང་བ་བསྒྲུབས་པར་མཛད་དོ། །དེ་ཡང་རྗེ་འདི་ལུགས་གཉིས་ཀ་ནས་རང་བསྟན་ལ་ཕན་རླབས་ཆེ་བ་དང་གདན་ས་ཡུན་རིང་བསྐྱངས་ཤིང་། ཕྱག་རྗེས་ཀྱང་ཆེ་བས་གཞན་འགྲན་དང་བྲལ་བ་ཡིན་ནོ། །ཞལ་སློབ་ཀྱི་གཙོ་བོ་ནི་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ། ཉི་སྤྲུལ་སེམས་དཔའ་ཆེན་པོ། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ། ངེས་དོན་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་སྐལ་བཟང་དོན་ཡོད་སོགས་མཁས་པ་དང་གྲུབ་པའི་ཚོགས་ཀྱིས་ནོར་འཛིན་གྱི་ཁྱོན་གང་བར་གྱུར་པས་ཐམས་ཅད་བརྗོད་པར་མི་ནུས་སོ། ། །།

Menu