༈ མཁས་བཙུན་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནི། དེ་ཡང་འཕགས་པ་རྣམས་གཟོད་མ་ནས་རང་ཉིད་བྱང་ཆུབ་ཀྱི་བདུད་རྩི་བརྙེས་སུ་ཟིན་ཀྱང་།
ད་དུང་བྱང་ཆུབ་དོན་དུ་གཉེར་བའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པའི་འཕྲིན་ལས་ལ་དབང་འབྱོར་བས་སྨོན་ལམ་གྱི་དབང་ངམ་སྟོབས་ལས་གྲུབ་པའི་སྐྱེས་བ་གང་འདུལ་གྱིས་འདྲེན་པར་སྣང་བས་གདུལ་བྱ་རྗེས་སུ་འཛིན་པའི་འཕྲིན་ལས་གཞར་ཡང་བརྟུལ་བ་མ་ཡིན་པས། རྗེ་བླ་མ་འདིའི་སྐུའི་སྐྱེ་བ་གོང་མ་ནི། གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་ཏྲེ་ཧོར་བླ་མ་འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོ་ཞེས་མཚན་དོན་དང་མཐུན་པའི་དགེ་བའི་བཤེས་གཉེན་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་ཏུ་སྐྱེས་བ་བཞེས་པ་ཡིན་ཞེས་ཡོངས་སུ་གྲགས་སོ། །དགེ་བའི་བཤེས་གཉེན་དེ་ནི་ཏྲེ་བོ་ཧོར་གྱི་དཔོན་ཨུ་ཆིང་ནོ་ཡོན་ཞེས་པའི་ནང་བློན་འབྲོག་སྡེ་དགེ་རྩེའི་རིགས་ལས་བྱུང་བ་ཞིག་གི་སྲས་ཏེ། སྐུ་ཆུང་ངུའི་དུས་ནས་ངེས་འབྱུང་གི་ཕུགས་བསམ་དྲག་པོ་གཞན་རྐྱེན་གྱིས་ལྡོག་ཏུ་མེད་པ་ཞིག་མངའ་བས་འཁོར་བའི་གནས་མལ་མཐའ་དག་དུག་སྦྲུལ་གྱི་ཚང་ལྟར་གཟིགས་པས་གནས་གྲོགས་ཡོ་བྱད་ཐམས་ཅད་སྦྲུལ་གྱི་ཤུན་པ་ལྟར་དོར་ནས་དབུས་ཕྱོགས་སུ་ཕེབས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཞབས་པད་མཉེས་པ་གསུམ་གྱིས་གཙུག་ཏུ་མཆོད་ནས་བཀའ་གཏེར་ཆོས་ཚུལ་གྱི་བདུད་རྩི་རྒྱ་མཚོ་ལྟ་བུ་བཞེས་ཤིང་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ཀྱིས་དངོས་འཛིན་གྱི་འཆིང་བ་ལས་གྲོལ་ནས་རང་རིག་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར། གཞན་ཡང་ཁམས་དབུས་རྣམས་སུ་ཡོངས་འཛིན་དུ་མ་ལས་གསན་བསམ་མཐར་ཕྱིན་པ་མཛད། ཁམས་སུ་ཕེབས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྐུ་ཚེ་འཁྱོལ་བ་མཛད་ཅིང་། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ། དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་ཆེ་དགུ་མང་པོས་རྗེ་འདིའི་ཞབས་ལ་བཏུད་ནས་བཀའ་ཆོས་ཀྱི་བདུད་རྩི་བཞེས་པས་མཚོན་བཀའ་ཆོས་ཀྱི་འཆད་སྤེལ་ཀྱང་མང་དུ་མཛད་ཅིང་།
གཞན་ཡང་ཟབ་ཁྲིད་ཀྱི་གདམས་པ་དུ་མས་སྐལ་ལྡན་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་ནས། ཞིང་ཁམས་གཞན་དུ་གཤེགས་པའི་དུས་སུ། གསུང་ལས། ཚེ་འདིར་མཆོག་དམན་གང་ལའང་ཆགས་ཞེན་མེད། །རིག་པ་འཆི་མེད་གཏེར་བདག་གླིང་པ་དང་། །དབྱེར་མེད་ཨོ་རྒྱན་པདྨའི་ཐུགས་ཀར་གཏད། །ཅེས་གསུངས་ནས་མྱ་ངན་ལས་འདའ་བའི་ཚེ་ཞལ་སློབ་ཞབས་རིང་པ་དག་གིས་གསོལ་བ་བཏབ་པ་བཞིན་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་ཆེད་དུ་སླར་ཡང་སྤྲུལ་པའི་སྐུ་འདི་ཉིད་དུ་སྐྱེ་བ་བཞེས་པ་ཡིན་ཏེ། དེ་ཡང་རྗེ་འདི་ནི་འདོད་དགུ་འཛོམས་པའི་ཡུལ་བྱང་ཡིད་ལྷུང་ཞེས་པའི་ཆར། སྔར་ཆོས་རྗེ་ས་སྐྱ་བ་མངའ་ཐང་དགུང་ལ་རག་པའི་དུས་སུ་ཞབས་འདེགས་ལ་ལྷག་པར་བརྩོན་པའི་ལས་འཛིན་པ་རྒྱལ་མཚན་གྱི་མིང་འཛིན་པ་བཞིའམ་བརྒྱད་དུ་གྲགས་པའི་ནང་གསེས་ཨ་རོ་ཡེ་ཤེས་རྒྱལ་མཚན་དུ་གྲགས་པའི་མི་རྒྱུད་ཕྱོགས་འདིེར་ཆགས་པ་ལས་ཕ་ཚན་འགའ་ཞིག་བྱུང་བའི་ནང་ཚན་གྱི་ཡ་གྱལ་ཞིག་ལ་དཔའ་མཛངས་བློ་གྲོས་དང་ལྡན་པ་ཚོང་དཔོན་ཚེ་རྒྱལ་ཞེས་པ་ནི་རྗེ་འདིའི་སྐུ་སྐྱེས་པའི་ཡབ་ཡིན་ལ། ཡུམ་ཡང་རང་གྲོལ་གྱི་རྣལ་འབྱོར་མ་སེམས་མ་དགེ་བའི་ཐུགས་ལྡན་ཚེ་སྒྲོན་མ་ཞེས་པ་ཡིན་ཏེ། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཚན་མིག་དམར་ཞེས་པ་ཤིང་ཕོ་བྱི་བ། སྤྱི་ལོ་ ༡༧༤༤ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་པར་གྱུར་ལ།
གསུང་ངག་ཐོག་མར་བྱེ་བ་ནས་བཛྲ་གུ་རུ་ཕྱེད་ནས་རིལ་པོའི་བར་རིམ་པར་གསུངས་ཤིང་། བརྡ་འཕྲོད་པ་ནས་བཟུང་བདག་བླ་མ་སྐལ་བཟང་ཡིན་གསུངས། མཚན་མགོན་པོ་ཕུན་ཚོགས་སུ་གསོལ་བས་མི་མཉེས་པའི་ཚུལ་མཛད། དེ་སྐབས་ལྗགས་ཀློག་མ་བཞེས་ཀྱང་དཀོན་མཆོག་སྤྱི་འདུས་ཕལ་ཆེར་ཐུགས་ཐོག་ནས་གསུང་རྒྱུ་ཡོད་པར་གྲགས། དེ་ནས་ཁོ་བོ་འདིར་མི་སྡོད་རྫོགས་ཆེན་དགོན་དུ་འགྲོ་དགོས་རང་གསུངས། གཞན་ཡང་སྔོན་གནས་དྲན་པའི་གསུང་འགའ་རེ་གསུངས་ཀྱང་། ཡབ་ཡུན་རྣམས་ལ་དེ་དུས་བླ་མ་གོང་མའི་རྒྱུས་མེད་པས་ཅི་ཡང་ཆ་མ་འཚལ་ཞིང་། ཐུགས་ཀྱི་བག་ཆགས་དེ་བརྗེད་དུ་རེ་བའི་ཐབས་དྲ་བགྱིས་ཀྱང་ཐུགས་རིག་སྒྲིབ་མ་ནུས། བླ་མ་ཞིག་གི་སྐུ་སྐྱེན་ཡིན་པ་འདྲ་གླེང་བ་ན། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་ཕྱོགས་དེར་ཆིབས་བསྐྱོད་གནང་བ་ལ་གསོལ་ཇ་ཞུས་པས། ཐུགས་མཉེས་ནས་བླ་མ་དེའི་རྗེས་ལ་འགྲོ་རྒྱུ་ཡིན་ཡང་གསུངས། དེ་སྐབས་རྗེ་གོང་མའི་ཞལ་སློབ་ས་སྐྱའི་བླ་མ་ཀུན་དགའ་ལྷུན་གྲུབ་དེར་བྱོན་པས་ངོ་ཤེས་ཏེ་བླ་མ་གོང་མ་དེ་ཉིད་ཀྱི་ལོ་རྒྱུས་ཞིབ་པར་ཡབ་ཡུམ་གཉིས་ལ་བསྙད་ཅིང་། རྗེ་འདི་རྫོགས་ཆེན་གདན་ས་གོང་འོག་གང་རུང་ཞིག་ཏུ་ཆོས་ལ་བཙུད་ན་ལེགས་ཚུལ་མོལ་བས། ཡབ་ཡུམ་གཉིས་ཀྱང་ཐུགས་ཐག་ཆོད་ནས་རྒྱལ་རོང་དུ་རྗེ་དབོན་རིན་པོ་ཆེའི་དྲུང་དུ་ཕུལ། རྗེ་དབོན་དེ་ཉིད་ཀྱིས་བདག་གི་བླ་མའི་སྐུ་སྐྱེ་གསུངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ཅིང་ཐུགས་མཉེས་ཤིང་གཅེས་པར་བསྐྱངས། གཙུག་ཕུད་བཞེས་ནས་མཚན་ནམ་མཁའ་མཆོག་གྲུབ་ཏུ་གསོལ། ལྗགས་ཀློག་སྦྱོང་བརྡར་མཛད་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པ་མེ་བྱི་ལོར་དབུས་སུ་བྱོན་པའི་ལམ་ཞོར་ལ་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། ཉི་སྤྲུལ་རིན་པོ་ཆེའི་དྲུང་ནས་ཁྲག་བྲག་ཕུར་པའི་དབང་སོགས་གསན། དབུས་ལྗོངས་སུ་བླ་མ་དང་ལྷ་རྟེན་རྣམས་མཇལ་ཞིང་འབུལ་འགྱེད་མང་བཀོལ་སོགས་ཐུགས་ཀྱི་བཞེད་པ་བཞིན་གྲུབ་ནས་ཕྱིར་ཕེབས། དེ་སྐབས་རྗེ་དབོན་རིན་པོ་ཆེ་གདན་ས་གོང་མར་ཞབས་པད་བཀོད་པའི་དོན་གྱིས་རྗེ་འདི་ཉིད་ཀྱང་གདན་ས་གོང་འོག་ཏུ་རེས་མོས་བཞུགས་ཤིང་། དགེ་བཤེས་བསྟན་འཛིན་ལས་རྩིས་དཀར་ནག་སྙན་ངག་སོགས་སློབ་སྦྱོང་མཛད་པས་མཁས་པར་མཁྱེན། ཉི་སྤྲུལ་རིནཔོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོ་ལྗོངས་འདིར་ཆིབས་བསྐྱོད་གནང་སྐབས། རྒྱལ་རོང་གདན་སར་ཕེབས་པས་རྗེ་འདིས་བསྙེན་རྫོགས་བཞེས། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཁྲིར་འཁོད་བསྟུན། ཉི་སྤྲུལ་ཞབས་ནས་མདོ་སྒྱུ་སེམས་གསུམ་སོགས་རྙིང་མ་བཀའ་མ་དང་། བླ་མ་དགོངས་འདུས། ཉི་གྲགས་གཏེར་ཆོས་ཡོངས་རྫོགས། བཀའ་བརྒྱད་གསང་རྫོགས་སོགས་མང་དུ་གསན། རྗེ་དབོན་རིན་པོ་ཆེ་དེ་ཉིད་ཀྱིས་དྲུང་ནས་ཉང་གི་བཀའ་བརྒྱད་བདེ་འདུས་དང་། ཞིག་གླིང་། བདུད་འདུལ་རྡོ་རྗེ། འཇའ་ཚོན་པ་སོགས་ཀྱི་གཏེར་ཆོས་ཡོངས་རྫོགས་དང་། ཁྱད་པར་རྫོགས་ཆེན་སྙིང་ཏིག་རྣམ་གཉིས་སོགས་ཀྱི་སྨིན་ཁྲིད་ཟབ་བཞེས་གནང་། ཐོས་དོན་སྙིང་པོར་སྨིན་པའི་ཉམས་ལེན་སྐྱོང་བར་མཛད། གཞན་ཡང་ཁྲིད་རིགས་མི་གཅིག་པ་དུ་མ་དང་། རྗེ་དབོན་ཉིད་ཀྱི་གསུང་རྩོམ་སྐོར་སོགས་བུམ་པ་གང་བྱོར་གསན། དེ་ནས་མི་རིང་བར་རྗེ་དབོན་རིན་པོ་ཆེ་གཞན་དོན་དགོངས་པའི་དགོངས་རྫོགས་སོགས་གང་ཅིར་འགན་བཞེས་མཛད།
དུས་སྐབས་ཅི་རིགས་པར་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ཚུལ་ལྡན་མཛད། འདི་དུས་ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་རྒྱལ་རོང་ཉེ་སར་སྐུ་བལྟམས་པ་ཁྲིར་བཀོད་པའི་ཞབས་འགྱུར་དང་། དེར་མཚུངས་ཉི་སྤྲུལ་རིན་པོ་ཆེ་ཁྲིར་བཀོད་པའི་ཞབས་འདེགས་གང་དྲག་འགན་བཞིན་གནང་། འདི་སྐབས་གྲུབ་པའི་དབང་པོ་དཔའ་བོ་ལས་རབ་རྩལ་གྱིས་ཟབ་མོིའི་ཆོས་བདག་ཏུ་ལུང་གིས་ཟིན་པ་ལྟར་རྗེ་དེའི་དག་སྣང་གི་ཆོས་སྡེ་ཐམས་ཅད་གསན་པས་ཆོས་ཀྱི་བདག་པོ་ར་མངའ་གསོལ། རྒྱལ་རོང་བླ་བྲང་གཙུག་ལག་བཅས་རྟེན་བརྟེན་པ་ཐམས་ཅད་གསར་བཞེངས་སོགས་བྱ་བ་ལས་ཀྱི་འཁོར་ལོ་མང་པོ་དང་། དབོན་སྤྲུལ་རིན་པོ་སྐུ་ལྟེམ་པར་ཞབས་བརྟན་འཕྲོད་བཞེས་མང་དུ་བསྒྲུབས། ཞིང་བརྗེས་ནས་དཔོན་སློབ་སྤྲུལ་སྐུ་རིན་པོ་ཆེས་གདན་ས་ཡུན་རིང་ཙམ་མ་མཛད་པས། ས་སྐྱོང་མི་དབང་ཆེན་མོའི་བཀས་བསྐྲུལ་ཏེ་གདན་ས་གོང་མའི་ཁུར་བཞེས་མཛད། སྒྲིག་ལམ་ལ་བར་སེང་ཅུང་ཟད་བྱུང་བ་དག་སླར་ཡང་ཞིབ་གསེད་མཛད་ནས་མོ་ཁྲིམས་སོགས་ཀྱིས་གཙོས་པའི་བཅའ་ཁྲིམས་ཐམས་ཅད་གསར་དུ་འཆོས་པ་སོགས་བསྟན་པའི་མིག་རྒྱན་དུ་ཆེ་བ་མཛད། འདི་སྐབས་དབོན་སྤྲུལ་རིན་པོ་ཆེ་དབུས་སུ་ཞབས་བསྐྱོད་དང་མཆོག་སྤྲུལ་གོང་མ་ངོས་འཛིན་སོགས་མཛད་བཞེད་གནང་ཡང་རང་ཕྱོགས་སྔ་འཕྲུལ་གྱིས་དེ་དོན་ཐུགས་བཞེད་བཞིན་ཐོག་ཏུ་མ་ཁེལ་ཡང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གསང་ལུང་ལས། གནས་དང་འབྲེལ་ལ་གངས་ཀྱི་མཚམས། །ཤུལ་གསུམ་བགྲོད་ལ་བལྟ་རྟོགས་ཀྱིས། །ཨེ་ཀ་ཛ་ཊིའི་སྟོང་སྐོར་འབུངས། །ཞེས་དང་། ལྐོག་གྱུར་འདི་དོན་ལྐོར་ཏུ་མ་གྱུར་ཏེ། །རྡོ་རྗེ་གསུམ་སྤྲུལ་གཉིས་ནི་དབུས་མཐར་གབ། །འགྲོ་དོན་དུས་བབ་དག་ཆེན་ཐུགས་ཀྱི་སྤྲུལ། །གནས་དའི་ནུབ་ཕྱོགས་གནས་དང་ཉེ་བའི་ཆ། །གངས་རིའི་མིང་འཚམས་གསེར་ལྡན་ཀླུང་ཆེན་འགྲམ། །ཁྱོ་བཙན་རིགས་བཙུན་གསུམ་ཤུལ་གཙང་མའི་རྒྱུད། །བསོད་ནམས་ཕ་མ་ནོར་འཛིན་མིང་ཐོགས་པར། །ཡོད་ཅེས་སྣང་ཤེས་འདྲེས་པའི་ངང་ནས་གོ །ཞེས་གསུངས་ཤིང་། ས་སྐྱ་གོང་མ་ནས་ཀྱང་། རྫོགས་ཆེན་སྤྲུལ་སྐུ་དེ་ཉིད་ཀྱི་སྐུ་སྐྱེ་གར་གནས་ཀློང་ཐང་ཟེར་བའི་ཉེ་འདབས་སུ་འོས་འགབ་ཅིག་ལ་འབྱུང་བར། དེ་ག་རང་ཡིན་པ་གཞིར་བཅས་ལ་མཆོག་གསུམ་བླུ་མེད་རྣམས་ཀྱི་མཐུ་ལས་གཞན་དུ་སུ་མ་གྱུར་པས་ན། ངོས་རང་གི་རྨིས་ལྟས་སུའང་ཤར་བར། དེས་ན་ཐུགས་འདུན་སྐད་ཅིག་གི་རྩེ་ནས་ངོས་འཛིན་དེ་གང་མཛད་པས་འཐུས། ཞེས་བསྩལ་འདུག་ཅིང་། གཞན་ཡང་བསམ་ཡས་རྒྱལ་ཆེན་སོགས་ཀྱིའང་ལུང་བསྟན་ཤིན་ཏུ་གསལ་བར་གནང་འདུག་པ་ལྟར་དང་། གཞན་ཡང་བླ་མ་ལྷ་བཅས་ཀྱི་ལུང་མཐུན་བྱུང་བ་བཞིན། མཆོག་སྤྲུལ་རིན་པོ་ཆེ་གདན་ཆོས་འཁོར་དཔོན་གྱི་སྲས་སུ་སྐུ་འཁྲུངས་པ་བསུ་བའི་བཀོད་བཤམས་བློའི་ར་བ་ལས་བརྒལ་བ་མཛད་ནས་གདན་དྲངས།
གཞན་ཡང་སྤྱི་ཁག་སོ་སོར་དངོས་རྫས་སྦྱོར་འཇགས་སྔོན་ནས་ཡོད་རིགས་རྣམས་ལ་ཞིབ་གསེད་དང་། གསར་བརྐོས་རྣམས་ལ་དངོས་རྫས་ཇི་སྙེད་སྦྱོར་འཇགས་གནང་། ཁྱད་པར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཆེན་མོ་དང་འབྲེལ་བའི་བླ་མ་བདེ་མཆོག་གི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་ཞག་བདུན་ཕྲག་གཅིག་ཏུ་དགེ་འདུན་སྟོང་དང་ཉིས་བརྒྱར་ཉེ་བ་ལ་འདུ་བའི་སྒོ་གྱ་ནོམ་པར་སྦྱོར་འཇགས་ཐོག་ཚེས་བཅུའི་མཆོད་པའི་གར་འཆམ་སོགས་བསམ་ཡས་རབ་བྱུང་གྲྭ་ཚང་དུ་ཀུན་བཟང་རྩེ་བའི་ལུགས་ཀྱི་འཆམ་སོགས་མ་ཉམས་པར་ཡོད་པའི་ལུགས་ལྟར་ལ་ཉི་དབོན་པདྨ་འཇིགས་མེད་སོགས་ཀྱིས། དག་ཐེར་ཁུངས་ཆོད་བགྱིད་པའི་ལུགས་ལྟར་གསར་འཛུགས་མཛད་ཅིང་། དེ་དག་ཏུ་དགོས་པའི་མཆོད་རྫས་ཡོ་བྱད། ཞལ་འབག །འཆམས་ཆས། གར་གོས། ཟངས་འབག །རྟེན་ཐང་། རུས་རྒྱན་སོགས་མདོར་ན་གང་ལ་ཅི་དགོས་ཐམས་ཅད་ཤིང་ཏུ་དངོས་གཙང་བ་ཤ་སྟག་དང་། ཐ་ན་ཉེར་སྤྱད་གདན་འབོལ་ཁྲི། ཁྲིའུ་རྐྱང་ཡུག་སོགས་ཀྱང་གསར་བསྐྲུན་ཁོ་ན་དང་། གསོལ་ཇ་འདྲེན་བྱེད་ཟངས་སྐྱེམ་ཆ་འགྲིག་དུ་མ་སོགས་གསར་བསྒྲིགས་མཛད་ཅིང་། འཆམ་དབྱངས་རོལ་མོ་སོགས་གང་ལས་ཀྱང་ལྷག་པ་འགྲན་ཟླ་བྲལ་བ་དང་། བཀོད་བཤམ་ཁོ་ནའང་བློའི་ར་བ་ལས་འདས་པ་བསྟན་པའི་མིག་རྒྱན་དུ་བསྒྲུབས་པར་མཛད་ཅིང་། སྔར་གྱི་དུས་མཆོད་རྙིང་པ་རྣམས་ལའང་དངོས་རྫས་རྒྱ་ཆེར་གསར་དུ་བསྣན་ནས། དེང་སང་རྒྱུད་དཀོན་པའི་དཀྱིལ་འཁོར་དུ་མ་རེས་མོས་སུ་འདོན་རྒྱུ་མཛད་པ་སོགས་དང་། བླ་བྲང་གཟིམ་སྤྱིལ་སྟེང་ཤོད་ཀྱི་རྒྱ་བསྐྱེད་པའི་གསར་བཞེངས་ལྷའི་ཁང་བཟང་ལ་འགྲན་པ་སོགས་ཀྱིས་མཚོན། དེ་དག་ཀྱང་རྗེ་ཉིད་ཀྱིས་ཞལ་བཀོད་ལྟར་རྗེ་དཔོན་བསམ་འགྲུབ་ལགས་ཀྱིས་འགན་བཞེས་ཐུགས་གཉེར་གནང་ཁྱབ་མི་ཆུང་བར་མཛད་དོ། །
འདི་སྐབས་གླིང་སྲས་གཏེར་ཆེན་ཀྱང་གདན་སར་སྤྱན་དྲངས་ནས་ཞབས་འདེགས་དང་སྲི་ཞུ་བླ་ན་མེད་པ་མཛད། ཟླ་སྟོད་ཡང་ཤར་གྱི་སའི་ཆར་བཀྲ་ཤིས་བརྟེན་ཆགས་ཞེས་པའི་ཆོས་སྡེ་གསར་དུ་བཏབ་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས་ཏེ། མདོར་ན་གཟུ་བོར་གནས་པ་དག་ཐུགས་དྭངས་ཤིང་ངོ་མཚར་གྱི་གནས་ལ་སྦྱོར་ནུས་པའི་མཛད་འཕྲིན་དང་ཕྱག་བཞེས་ཤིན་ཏུ་ཆེ། དེ་ནས་གྲྭ་ཚང་གི་ཐུགས་འདོད་ལྟར་གདན་ས་ཆེན་མོ་མཆོག་སྤྲུལ་རིན་པོ་ཆེར་རྩིས་སྤྲོད་ཕུལ་ནས་རྗེ་ཉིད་རྒྱལ་རོང་དུ་ཟུར་བཞུགས་མཛད་དེ། རྣམ་ཐར་སྙིམས་པའི་མེ་ཏོག་ཏུ། ཡོན་ཏན་ཅན་གྱི་མི་བྱུང་ན་ཞིང་དཀྱིལ་གྱི་ཕ་ཝང་ལྟར་འཇའ་ཕྱོགས་བཞི་ནས་འཇུག་ནས་འདོན་ཞེས་པའི་དོན་ལྟར། སྤྱིར་ཡང་རྗེ་འདི་ཉིད་བསྟན་པ་སྤྱི་དང་གྲུབ་དབང་རིན་པོ་ཆེའི་རིང་ལུགས་ལ་ཐུགས་བསམ་ཆེ་བར་མ་ཟད། རྣམ་དཔྱོད་གཙང་ཞིང་མཁྱེན་སྒོ་ཡངས་པས་ལུགས་གཉིས་ཀྱི་བྱ་བ་གང་ལ་ཡང་ལྷུས་ཐེངས་ཤིང་དཀྱིལ་ཆེ་ལ་སོགས་ཀུན་གྱིས་བསྔགས་པའི་གནས་ཡིན་པ་དང་། ཁྱད་པར་དུ་དམ་པའི་ཡོན་ཏན་གཞལ་དུ་མ་མཆིས་པ་མངའ་སྟེ། སྐུ་ཚེ་ཧྲིལ་པོར་གཞི་བྱེད་གང་དུའང་བསྙེལ་འབོལ་འཇོག་པ་སོགས་གཏན་ནས་མི་མཛད་ཅིང་། མཚན་མོའི་ཐུན་ལའང་སྐུ་ཚག་མི་ལྷོད་པར་ཐུགས་དམ་གྱི་རིགས་མཐའ་ཡས་པར་ལྷག་པའི་ལྷ་དུ་མར་བསྐྱེད་བཟླས་མཛད་ཅིང་། གུང་སེང་ཙམ་ལ་མནལ་ཐུན་ཐུང་ཙམ་ལས་ནམ་ཉིན་མེད་པར་བསྙེན་སྒྲུབ་དུས་གྲངས་རྟགས་གསུམ་ཚང་བ་མང་པོ་དང་འབོལ་བསྟེན་ལྗགས་བཟླས་གནང་བ་ཡིག་དྲུག་ཁོ་ནའང་དུང་ཕྱུར་གཉིས་ཙམ་དང་། གཞན་ལྷ་སོ་སོའི་བསྙེན་པ་གྲངས་ལས་འདས་པ་རྒྱུན་བཟླས་མཛད། བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལས་ནམ་ཡང་མ་གཡོས་བཞིན་དུ་ཆོས་སྲིད་ཀྱི་བྱ་བ་སྤྱི་དང་ཁྱད་པར་འཆད་ཉན་ཁོ་ན་ལ་ཐུགས་རྩོལ་ཆེ་ཐང་དུ་མཛད་ནས་ལོ་རེར་ཡང་གདན་ས་ཡས་མས་རྣམས་སུ་ཉམས་ཁྲིད་ལན་གཉིས་གསུམ་ནས་དབང་ཁྲིད་ལུང་གསུམ་མང་དུ་གནང་ཞིང་། གསུང་ཆོས་སྨྲ་བས་ཆོས་རྒྱུད་ལ་བཀའ་དྲིན་ཆེ་ཞིང་། སྤྱིར་རྗེ་འདི་ཉིད་འཆད་བདེ་ཞིང་བརྗོད་པ་གཙང་ལ་དངོས་རྣམ་དག་པ། ཐ་ན་ཆོས་གསུངས་མཚམས་སུ་འབྲེལ་གཏམ་ལྟ་བུར་ཡང་སྔོན་རབས་ཀྱི་ལོ་རྒྱུས་དང་། བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་སོགས་ཁུངས་དག་ངེས་ཤེས་སྐྱེ་ནུས་པ་དང་། ལུང་གི་རྒྱབ་སྐྱོར་དང་བཅས་ངག་གསལ་ཁུངས་ཆོས་ཁོ་ན་བསྩལ་བ་སོགས། ཇི་སྐད་དུ། འཆད་རྩོད་བརྩམས་པའི་ཁྱུ་མཆོག་གི །ཞལ་གྱི་གྲ་གཉིས་གཡོ་བ་ན། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི། །ཁྲི་ལས་འཕོས་དང་ནོར་བར་གྱུར། །ཞེས་པ་ལྟར། ཡ་མཚན་དུ་མ་དང་ལྡན་ཞིང་བསྟན་བཅོས་ལྗགས་རྩོམ་སོགས་ལའང་སྙན་ཚིག་ཉམས་འགྱུར་བརྒྱ་དང་ལྡན་པས་རྗེ་དབོན་རིན་པོ་ཆེའི་རྣམ་ཐར་ལ་སོགས་པ་འགའ་ཞིག་མཛད་པ་ཡོད་དོ། །ཐུགས་རྣམ་པར་མི་རྟོག་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་མངའ་སྟེ། སྙིང་ཏིག་ཟབ་མོའི་ཉམས་བཞེས་མཐར་ཕྱིན་པས་ཏེང་ངེ་འཛིན་བཟང་པོ་ལས་ནམ་ཡང་གཡོ་བ་མི་མངའ་བས་ཟབ་ལམ་གྱི་རྟོགས་པ་ཀློང་དུ་གྱུར་ནས་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བ་ཉིད་དོ། །དེ་ཡང་། ཀུན་མཁྱེན་འཇིགས་མེད་གླིང་པས་རྒྱལ་རོང་བླ་རྒན་དེ་ངེད་དང་མ་མཇལ་ཡང་རྟོགས་པ་ངེད་དང་མཉམ་པར་ཡོད་པ་ཡིན་པས་ཀུན་གྱིས་ཉམས་ལེན་གྱི་དོགས་གཅོད་ཁོང་ལ་ཞུས་གསུངས་འདུག་པ་ལ་དཔག་ན། རྗེ་དབོན་རིན་པོ་ཆེའི་མནལ་ལམ་དུ་རུ་དམ་དགོན་པ་ཕུར་རྣལ་འབྱོར་པའི་ཆས་ཅན་སྔོན་དུ་གཉིས་དང་དེ་ནས་རྗེ་དབོན་ཉིད་དང་། དེ་རྗེས་གཅིག་བཅས་འདུག་པ་རྫོགས་པ་ཆེན་པོའི་ལྟ་གྲུབ་གཙང་མར་འཛིན་པ་དེ་ཙམ་ཞིག་འོང་བའི་བརྡར་གཟིགས་པ་དེས་ཕྱི་མ་དེར་གོར་མ་ཆག་གོ །རྗེ་འདི་ཉིད་ཀྱི་གསུང་གི་བདུན་རྩི་བཞེས་པའི་ཞལ་སློབ་ཀྱང་། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་གོང་འོག །ཉི་གྲགས་གསུམ་པ། དབོན་སྤྲུལ་རིན་པོ་ཆེ། ཉིན་གྲགས་དབོན་སྤྲུལ་ཨོ་རྒྱན་ཉི་མ་སོགས་བླ་མ་དང་སྤྲུལ་སྐུ་མང་པོ་དང་། ས་སྐྱོང་སྡེ་དགེ་རྒྱལ་པོ་ཡུམ་སྲས་སོགས་མི་ཆེན་ཆེ་དགུ་མཐའ་ཡས་སོ། །
ཞར་བྱུང་དུ་རྒྱ་རོང་རྟག་བརྟན་ཕུན་ཚོགས་རྣམ་པར་རྒྱལ་བའི་སྒྲུབ་གྲྭ་འདི་ཉིད་ཐོག་མ་རྗེ་དབོན་བླ་མ་དགུང་ལོ་སོ་བདུན་བཞེས་པ་ཆུ་ཕོ་ཁྱི་ལོ། སྤྱི་ལོ་ ༡༧༣༢ ལོར་ས་ཕྱོགས་དེར་ཞབས་ཀྱི་བཅགས་ཤིང་རིམ་པར་སྒྲུབ་སྡེ་བཏབ་པ་ནས་དགེ་འདུན་ཉི་ཤུ་རྩ་གྲངས་ཙམ་བཞུགས་པ་ལ་རྗེ་དབོན་དེ་ཉིད་ཀྱིས་གདན་ས་ཡས་མས་ཟུང་འབྲེལ་དུ་བསྐྱངས་ཤིང་། ཁྱད་པར་དུ་མཁས་བཙུན་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་བཀའ་དྲིན་ཆེན་པོས་གནང་སྒོ་ལེགས་ཤིང་བརྩེ་སྐྱོང་མཛད་པ་ལས་དགེ་འདུན་པ་ཉིས་བརྒྱ་ལྷག་བཅས་བཟུགས་པ་སྒྲིག་ལམ་ཀུན་སྤྱོད་གང་ཡང་གདན་ས་ཆེན་མོ་ཇི་ལྟ་བ་འདི་བཞིན་འཕེལ་རྒྱས་སུ་གྱུར། དེ་ནས་རྗེ་དབོན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཡང་སྲིད་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ཉིད་ཀྱིས་ཁུར་བཞེས་མཛད་དེ། དེ་ཡང་རྗེ་འདི་ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེའི་གཅུང་དུ་སྐུ་འཁྲུངས་ཤིང་། སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་སོགས་ཀྱི་གསང་ལུང་དང་། བོད་ཡུལ་བླ་མ་ལྷ་བཅས་གསུང་བརྟག་རྣམས་མཐུན་པར། རྫོགས་ཆེན་མཅོག་སྤྲུལ་རིན་པོ་ཆེ་དང་། སྡེ་དགེ་ས་དབང་ཆེན་པོ། བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་བཀའ་སྒྲོས་མཛད་ནས། གདན་ས་གོང་འོག་སོ་སོར་ཁྲི་འདོདན་བསྙེན་བཀུར་རྒྱ་ཆེར་མཛད་ཅིང་། མཚན་ཀུན་བཟང་བསྟན་པའི་ཉི་མར་གསོལ། མི་རིང་བར་དབུས་ཕྱོགས་སུ་ཆིབས་བསྐྱོད་གནང་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ལས་སྨིན་ཁྲིད་ཟབ་བཞེས་སོགས་བཀའ་ཆོས་ཀྱི་བདུད་རྩི་རྒྱ་མཚོ་ལྟ་བུ་བཞེས་ཤིང་མཚན་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་ཞེས་པ་དང་། རྫོགས་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བར་མངའ་གསོལ། ཨོ་རྒྱན་སྨིན་གྲོལ་གླིང་ནས་ཀྱང་བཀའ་གཏེར་ཆོས་ཚུལ་དུ་མ་དང་། ཁྱད་པར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པར་བསྒྲུབས། གཞན་ཡང་ཐེག་གླིང་རྒྱལ་སྲས་སོགས་ལས་ཆོས་ཚུལ་མང་དུ་གསན། ཕྱི་ལམ་སྲིན་རྫོང་དུའང་ཕེབས། གདན་སར་ཞབས་བཀོད་གྲུབ་ནས་རྟེན་བཞེངས་བྲིས་འབུར་མང་པོ་དང་། སྒྲུབ་མཆོད་དང་། བུམ་སྒྲུབ་ལོ་ལྟར་འཛུགས་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས། གླིང་གཏེར་སྟོན་ཆེན་པོ་གར་དབང་རོལ་པ་རྩལ་དང་། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ། དྭགས་པོ་མཆོག་སྤྲུལ་སོགས་ཀྱིས་ཆོས་བདག་ཏུ་ངོས་འཛིན་མཛད། བླ་ཆེན་ནམ་མཁའ་དང་། ཉི་སྤྲུལ་རིན་པོ་ཆེ་སོགས་ལས་བཀའ་ལུང་དབང་ཁྲིད་ཟབ་རྒྱས་དུ་མ་གསན་བསམ་མཐར་ཕྱིན་པ་མཛད་ནས། སྒྲུབ་པ་ཉམས་བཞེས་ཀྱི་དོན་པོ་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་དང་བསྐྱེད་རྫོགས་ཟབ་མོར་གཡེལ་མེད་དུ་ཐུགས་རྩོལ་འདོན་ཅིང་། གདན་ས་ཡས་ཕྱིན་མཉམ་སྐྱོང་གནང་ཞིང་གདན་ས་ཆོས་བརྒྱུད་དང་བཅས་པ་ལ་ཕན་པ་ཆེ་བར་གྱུར་ཏོ། ། །།