གདན་ཚབ་དཔོན་སློབ་ནམ་མཁའ་འོད་གསལ།

བཀླགས་གྲངས། 67

   རྫོགས་ཆེན་སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་རིག་འཛིན་མཆོག་རང་དོན་གྱི་རྟོགས་པ་མཐར་ཕྱིན་ནས་གཞན་དོན་དུ་བཤད་སྒྲུབ་ཀྱི་སྡེ་དང་སྐལ་བཟང་གི་གདུལ་བྱ་རྣམས་ཆོས་ཀྱིས་སྐྱོང་བའི་འཕྲིན་ལས་རྒྱ་ཆེར་མཛད་ནས་འོག་མིན་དུ་གཤེགས་པའི་རྗེས།

གཏེར་སྟོན་རིན་པོ་ཆེ་ཉི་མ་གྲགས་པ་ནི་སྐུ་ན་ཕྲ་མོ་ནས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་འབྲལ་མེད་དུ་བཞུགས་པ་ཡིན་ཡང་གོང་སྨྲོས་ལྟར་གདན་ས་མ་མཛད། འོན་ཀྱང་གུ་རུ་རིན་པོ་ཆེའི་གཏེར་ལུང་བཞིན་བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་འགྲོ་ཕན་གྱི་འཕྲིན་ལས་གཞན་དུ་སྐྱོང་བར་མཛད། རབ་འབྱམས་པ་ཆེན་པོ་བསྟན་པའི་རྒྱལ་མཚན་གྱིས་ཀྱང་གདན་སའི་ཁུར་བསྣམས་པ་མ་མཛད་ཅིང་། འཕྲིན་ལས་ཟུར་དུ་སྐྱོང་བར་མཛད་པས་གདན་སའི་ཁུར་བཞེས་མཛད་པ་ནི་དཔོན་སློབ་རིན་པོ་ཆེ་ཉིད་ཡིན་ཏེ། དམ་པ་འདི་ནི་མི་ལའི་ཐུགས་སྲས་རས་པ་ཞི་བ་འོད་དང་། བི་མའི་ཐུགས་བཅུད་རྫོགས་ཆེན་སྙིང་ཏིག་གི་བཀའ་བབས་གྲུབ་ཆེ་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས་ཏེ། དེ་ཡང་སྐུ་འཁྲུངས་པའི་ཡུལ་ནི། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ནག་ཤོད་དུ། སེ་ཚ་གྲུབ་ཐོབ་ཏུ་གྲགས་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་དྲེགས་པ་ཅན་རྣམས་དབང་དུ་བསྡུ་བ་དང་། མཐའ་དམག་ཟློག་ཕྱིར་གཏོར་ཟོར་ཐོག་སྟེ་ནམ་མཁའི་མཐོངས་ནས་བྱ་ལྟར་གཤེགས་པ་དང་། སོག་སྟོད་གཡུང་དྲུང་གླིང་དུ་གྲགས་པའི་བོན་དགོན་སྟོབས་ཆེན་ཞིག་ཡོད་པ་དེས། ཙན་དན་དགོན་པ་ལ་ཤིན་ཏུ་གནོད་པས། གྲུབ་ཆེན་དེ་ལ་བོན་པོ་འདུལ་ཐབས་ཞུས་པས་བོན་པོ་དར་བའི་ས་གནད་སོག་གི་ཉ་འདྲ་བཅུ་གསུམ་ལ་ཐབས་ཀྱིས་མཆོད་རྟེན་རེ་བརྩིགས་ནས་བོན་རྗེས་མེད་དུ་བཏང་ནས་ཐུབ་བསྟན་རྒྱལ་མཚན་བསྒྲེངས་པར་མཛད་པའི་གྲུབ་ཆེན་དེའི་གདུང་བརྒྱུད་དུ་འཁྲུངས། བྱིས་པའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང་ལྡན་ཞིང་། སྣང་བ་གདོང་འདེད་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་མཛད། མཚན་བློ་གྲོས་སུ་འབོད། སྐུ་ན་ཕྲ་མོའི་དུས་ཤིག་འུ་རྡོ་འཕངས་པས་རྒྱང་གྲགས་ཙམ་ན་བྲག་སྲིན་འདུག་པ་ཅན་གནས་པའི་རྟེན་བསྙིལ། སྐྱེར་པའི་མདའ་གཞུ་བཀང་བས་སེར་གདོང་ཟློག་ནུས་པར་གྲགས། བཀའ་བརྒྱུད་པའི་གྲུབ་ཆེན་ཞིག་ལས། རོ་སྙོམས། ཆོས་དྲུག རས་ཆུང་སྙན་བརྒྱུད་སོགས་ཟབ་ལམ་གྱི་གདམས་སྐོར་དུ་མ་གསན། རྩ་རླུང་སེམས་གསུམ་ལ་དྲོད་ཚད་བརྙེས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བོགས་ཐོན་ཕྱིར་ཀུན་སྤང་ཨ་ཝ་དྷུ་ཏིའི་སྤྱོད་པ་སྐྱོང་ཞིང་ཕྱོགས་མཐའ་ངེས་མེད་དུ་གཤེགས་ནས། བོད་ཀྱི་གནས་ཆེན་གཉན་ཁྲོད་དུ་མ་དང་། ཁྱད་པར་དུ་ཡུལ་ཉེར་བཞིའི་གནས་ཀྱི་ནང་ཚན་ཉེ་བའི་ཐུན་སྦྱོར་དེ་ཝི་ཀོ་ཌར་གྲགས་པ་དཔལ་གྱི་ཙ་རི་ཏྲ་སོགས་སུ་ཕེབས། དེ་ནས་མི་རིང་བར་གྲུབ་དབང་རིན་པོ་ཆེ་མཁར་བར་བསམ་གཏན་བྲག་ཏུ་བཞུགས་པར་སྙན་པའི་བ་དན་རྣམ་པར་གཡོ་བས་ཐུགས་ཡིད་ཕྲོགས་ནས་དྲུང་དུ་བསྙེགས་ཏེ་མཇལ། སྐུ་མཐོང་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐོབ། མཛད་པའི་སྒོ་གང་ནས་གཞིགས་ཀྱང་བླ་མ་དམ་པ་དེ་ཉིད་སངས་རྒྱས་དངོས་སུ་མཐོང་ནས་སྐྱབས་གནས་གཅིག་ཆོགས་སུ་བསྟེན། རྗེ་འདི་ལུགས་གཉིས་ཀར་མཁྱེན་སྒོ་ཡངས་ཤིང་མཛད་ཁྱབ་ཆེ་བས་གཉེར་པ་སོགས་ལ་ཚན་ཀྱང་ཅི་རིགས་ཀྱི་འགན་ཁུར་མཛད་དེ། ལྷག་བསམ་བཟང་པོས་བླ་མ་དང་བསྟན་པའི་ཞབས་ཏོག་བསྒྲུབ་པ་ལ་ནམ་ཡང་བསྙེལ་བ་མེད་པར་བརྩོན་པ་དང་ལྡན་པས། གྲུབ་དབང་རིན་པོ་ཆེའང་ཐུགས་ཤིན་ཏུ་མཉེས་ཏེ་གདམས་པ་ཐམས་ཅད་ཚང་སྤུགས་སུ་བསྩལ།
གཞན་ཡང་བཀའ་ཆོས་མང་དུ་གསན། ཁྱད་པར་རྫོགས་ཆེན་ཁྲིད་རིགས་མང་པོ་དང་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཁོ་ན་ཉེར་ལྔ་གསན། གཏེར་ཆེན་ཉི་མ་གྲགས་པ་ལས་ཀྱང་གཏེར་ཆེན་དེ་ཉིད་ཀྱི་གཏེར་ཆོས་ཕལ་ཆེར་གསན། གྲུབ་དབང་རིན་པོས་ཕྱི་མཐའ་གཟིགས་པའི་བཀའ་དྲིན་གྱིས་བསྐྱངས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། མདོ་ཁམས་སུ་བྱོན་ནས་བཞུགས་གནས་ངེས་མེད་ཀྱི་རི་ཁྲོད་འབའ་ཞིག་ཏུ་དཀའ་སྤྱད་དྲག་པོ་ལ་བརྟེན་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ། འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་སྣང་བ་བཞིའི་རྣལ་འབྱོར་ལས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ནས་རིག་པ་ཚད་ཕེབས་ཀྱི་བར་ཕྱིན་ཅིང་ཉམས་རྟོགས་གོང་དུ་འཕེལ། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གྲུབ་དབང་རིན་པོ་ཆེ་དང་མཉམ་པ་ཙམ་དུ་གྱུར་ཅིང་། མཚན་ཡང་ནམ་མཁའ་འོད་གསལ་དུ་གྲགས་ཏེ། ཇི་སྐད་དུ། མཚན་གཞི་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་མཚན་ཉིད་མེད་པ་ཡིན། །གང་གིས་ཚུལ་འདི་རབ་རྟོགས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་གསུངས་པ་དང་མཚུངས་མཏུན་པས་རྗེ་འདིའི་ལུང་བསྟན་དུ་སྦྱོར་དུ་རུང་བ་སྣང་ངོ། །དེ་ནས་ཟླ་ཆུའི་རྒྱུད་དུ་མོ་ཁྱིམ་ཕུག་ཞེས་འདྲེ་ངན་མ་རུང་པ་དུ་མ་གནས་པའི་གཉན་ཁྲོད་ཅིག་ཏུ་སྒོ་གསུམ་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་མི་མ་ཡིན་གྱི་ཆོ་འཕྲུལ་ཐམས་ཅད་ལྟ་བས་ཟིན་གྱིས་མནན་ནས་ཐུགས་དམ་ལས་གཡོ་བ་མེད་པར་བཞུགས། དེ་སྐབས་གྲུབ་དབང་རིན་པོ་ཆེ་གཞན་དོན་དུ་དགོངས་པ་མངོན་དུ་ཕྱོགས་པས། རྗེ་འདི་ཆེད་དུ་གདན་དྲངས་ནས་རིག་གྲོལ་གྱི་སྡེ་དང་དོན་བརྒྱུད་ཀྱི་བསྟན་པ་གཏད་ནས་ཆོས་ཀྱི་ཁྲི་ལ་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་རྒྱལ་ཚབ་དམ་པར་མངའ་གསོལ་བར་མཛད་དོ། །དེ་ནས་གདན་ས་ཆེན་པོ་འདི་ཉིད་དུ་བཤད་སྒྲུབ་ཀྱི་བགྱི་བར་འོས་པ་མཏའ་དག་གཙུག་ལག་ཟུང་གིས་མཛད་ཁྱབ་གོང་འཕེལ་དུ་བསྐྱངས་ཤིང་། ཁྱད་པར་དུ་ཨོ་རྒྱན་ཆེན་པོས། ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབས་པ་ལཿ མདོ་རྒྱུད་མང་པོ་མཁྱེན་རྒྱ་མི་འཚལ་གྱིཿ ཏིང་ཇའཛིན་ཟབ་མོ་རྩེ་གཅིག་བསྒོམ་མཛོད་ཅིགཿ ཅེས་རྡོ་རྗེའི་གསུང་གི་ཉིང་ཁུ་དེ་བཞིན་ཐུགས་ལ་བརྣགས་ཏེ། སྤོང་བ་བསམ་གཏན་གྱི་སྡེ་ཞེས་མིང་དོན་མཐུན་པར་སྒྲུབ་པའི་ས་སྡེ་བཙུགས་ཏེ། ཆོས་ཀྱི་བཅའ་ཁྲིམས་ལེགས་པར་བསྡམས་ནས་ལོ་ལྟར་བཞིན་རྒྱུན་ཆགས་སུ་ལན་གཉིས་གསུམ་གྱིས་མཐའ་རྟེན་པར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་བསྩལ་ནས་གྲྭ་རིགས་རྣམས་དང་གཞན་སེར་སྐྱ་ཆེ་ཕྲ་ཏམས་ཅད་ཀྱང་ངེས་དོན་བསྒོམས་པ་ལ་སྦྱོར་བར་མཛད་དེ། སེམས་ངོ་ཤེས་ཙམ་ནས་རིམ་གྱིས་རྟོགས་པ་གོང་འཕེལ་མ་གུར་བར་དུ་རྗེ་ཉིད་ཀྱིས་བསླབ་ཁྲིད་ནན་ཆགས་གནང་ནས་མཚམས་སྒོ་འདག་སྦྱར་བྱེད་དུ་བཅུག་ཅིང་། འཚོ་བ་མེད་པ་རྣམས་ལའང་ཉམས་ལེན་ནུས་ཕྱིན་ལྷོ་གོས་ཀྱི་ཕན་པ་བསྒྲུབས་ཏེ་བཀའ་དྲིན་གྱིས་སྐྱོང་བ་སོགས་མཛད། དེའི་སྟོབས་ཀྱིས་སྒོམ་ཉམས་དང་རྟོགས་པ་ལྡན་པ་མང་དུ་འཕེལ་བས་བསམ་གཏན་གྱི་སྡེ་ཤིན་ཏུ་དར་རྒྱས་སུ་གྱུར།
གཞན་དག་སློབ་ཚོགས་གྲྭ་རིགས་ཀྱི་འདུ་བའང་སྔར་ལས་འཕེལ་ཞིང་རྒྱས་པས། རྫ་ཁོག་ཏུ་ལེབ་དགོན་གསར་དུ་བཏབ། གཞན་ཡང་རྗེ་འདི་ཉིད་ཐུགས་དཀྱིལ་ཆེ་ཞིང་གང་ཡང་ལྷུར་ཐེངས་པས་ཕྱི་ནང་གང་ལའང་ལེགས་སྤེལ་ཉེས་འགོག་གི་གསུང་དང་ཚར་གཅོད་རྗེས་འཛིན་ཅི་དགོས་རྟོགས་དཔྱོད་ཞིབ་ཅིང་། གཞན་དབང་དུ་མི་བཏང་བས་དངོས་གཙང་ཞིང་མཇུག་པ་བདེ་བར་ཡོད་པར་གྲགས། ཉི་གྲགས་གདན་ས་སྟག་མོ་སྒང་དུའང་ཐོག་གཅིག་བཞུགས་ནས་བཀའ་ཆོས་ཉམས་ཁྲིད་སོགས་བསྩལ་ནས་བཅའ་ཁྲིམས་ཀྱི་དབེ་གསལ་མཛད། གཞན་ཡང་བསྟན་འགྲོར་ཕན་བདེའི་རྒྱུར་དགོངས་པའི་རྟེན་བཞེངས་དུས་མཆོད་འཛུགས་པ་སོགས་ཕྲིན་ལས་རྒྱ་ཆེ། ཏིང་ངེ་འཛིན་ལ་དབང་འབྱོར་བས་གཞན་རྒྱུད་ཀྱི་རྟོགས་པ་མཁྱེན་པ་དང་། མངོན་ཤེས་ཕྱོགས་མེད་དུ་ཤར། སྐུ་ལུས་ལ་གྲིམ་མེད་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ། དེ་ལྟར་བསྟན་འགྲོའི་དོན་དུ་སྐུ་ཚེ་མཐར་ཕྱིན་པར་བཞུགས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟ། སྤྱི་ལོ་ ༡༧༢༦ ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གདུང་སྦྱངས་པས་ཐུགས་ལྗགས་དང་རིང་བསྲེལ་མང་དུ་བྱོན། དུས་ཕྱིས་ཀྱང་གདུང་ཐལ་ལས་རིང་བསྲེལ་འཕེལ་བ་རྗེས་དཔོན་ཉིད་ཀྱི་ཕྱག་ཏུ་ཕེབས་པར་བྱུང་སྟེ་ངེས་དོན་ཀྱི་བསྟན་པ་རིན་པོ་ཆེ་དབོན་རྡོ་རྗེ་འཆང་འདིའི་རིང་ལ་འཕེལ་རྒྱས་ཡོང་བའི་རྟེན་འབྲེལ་དུ་གོར་མ་ཆག །གཞན་ཡང་གྲུབ་མཆོག་དམ་པ་འདི་ཉིད་ཀྱི་པདྨོ་ལ་བཏུད་ཅིང་གསུང་གི་བདུད་རྩིའི་ཟིལ་དངར་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་གྲུབ་པའི་ཞལ་སློབ་ཀྱི་རིམ་པའང། གཙོ་བོ་ནི་གྲུབ་དབང་རྫོགས་ཆེན་པ་དེ་ཉིད་ཀྱི་ཡང་སྲིད་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྗེ་ཉིད་ཀྱི་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་ཉིས་ཡིན་ལ། གཞན་ཡང་ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། མཆོག་སྤྲུལ་རིན་པོ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་བཀའ་ཆོས་ཀྱིས་འབྲེལ་བའི་སློབ་མ་ནི་མཐའ་ཡས་པའི་ཕྱིར་ཐམས་ཅད་སྨོས་པར་མ་ནུས་ཏེ། མི་ཉག །རྒྱལ་རོང་། མདོ་སྟོད་སྨད། མགོ་ལོག །ཉག་རོང་། རྫ་གླིང་གཉིས། ཧོར་སྟོད་སྨད་སོགས་ནས་མཐའ་ཡས་པ་བྱུང་ངོ། །

Menu