རྫོགས་ཆེན།

༧གྲུབ་དབང་རྫོགས་ཆེན་པའི་ཆོས་རྒྱུད་ཡོངས་ལ་སྤྲིང་པ།

བཀླགས་གྲངས། 124

༄༅། །རི་ཁ་བ་ཅན་མེ་ཏོག་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་ཆོས་ཀྱི་འབྱུང་གནས། འཕགས་པ་ཕྱག་ན་པདྨོས་ཉེ་བར་བཟུང་བའི་ཞིང་། དཔལ་དང་ལྡན་པའི་ཡུལ་གྲུ་བོད་ཅེས་བྱ་བའི་ལྗོངས་སུ་སྤྱོད་པའི་༧གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་ཆོས་རྒྱུད་འཛིན་པའི་བསྟན་བདག་འགན་འཛིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཆོག་ལ་ལྷག་བསམ་དངས་བ་ཆེན་པོས་ཞུ་དོན།

སྤྱིར་དུས་ཀྱི་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་དབང་དང་། གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་དབང་མཐུན་པར་སྨིན་པ་ལས་དཀར་པོ་མངོན་པར་འཕེལ་བའི་སྣང་བ་བྱུང་བ་ལྟར། སྔོན་གྱི་དུས་སུ་༧གྲུབ་དབང་རྫོེགས་ཆེན་པའི་ཆོས་བརྒྱུད་དང་སློབ་བརྒྱུད་དུ་གཏོགས་པ་མཁས་དང་གྲུབ་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་རྣམས་ཀྱིས་བོད་ཙམ་ན་གྲགས་པའི་བསྟན་པའི་མངའ་ཐང་ཆེན་པོ་བསྐྱངས་ཤིང་ཁ་ཅིག་ནི་དེ་ལས་ཀྱང་བརྒལ་ཏེ་བསྟན་པ་བསྐྱང་འདུག་མོད་བར་སྐབས་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཟད་པའི་དབང་གིས་གངས་རིའི་ལྗོངས་ཀྱི་བསྟན་པ་དེ་འཛིན་དང་བཅས་པར་ཉམས་ཉེས་ཆེན་པོ་བྱུང་སྐབས་གདན་ས་མ་ལག་དང་བཅས་པའང་མིང་གི་ལྷག་མ་ཙམ་དུ་གྱུར་ཅིང་། གྲུབ་དབང་གོང་མའི་གཙོས་པའི་སྐྱེས་བུ་དམ་པ་རྣམས་ཀྱང་སྐུ་ཚེ་མ་ཟིན་མོད། འོན་ཀྱང་ཉེ་རབས་ལོ་སུམ་ཅུ་ལྷག་གི་དུས་ཡིན་ནང་སྤྱིའི་ཆ་ནས་གཞིས་བྱེས་ཀྱི་འབྲེལ་ལམ་དང་། ཆོས་ལུགས་ཀྱི་སྲིད་ཅུས་སོགས་གང་ལེགས་བྱུང་བའི་དབང་གིས་དགོན་མ་ལག་དང་བཅས་པའང་ཉམས་གསོ་དང་། གསར་བཞེངས་བྱས་པའི་མོད་ལ་ངོས་ཀྱང་དམ་པ་དུས་མའི་དཀའ་ངལ་ཁྱད་བསད་ཀྱིས་ཐུགས་རེ་ཆེན་པོ་གནང་ནས་༧གྲུབ་དབང་གོང་མའི་གསེར་ཁྲི་ལ་འཁོད་པ་མ་ཟད་གྲུབ་དབང་དང་པོའི་ཐམ་ཀ་གཙོས་དངོས་འབྱོར་དང་ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་སྐུ་དབང་ཡོངས་རྫོགས་ལྟོས་བཅས་ཀུན་གྱིས་གསོལ་འདེབས་བྱས་ཤིང་ཆོས་བརྒྱུད་ཁག་མང་པོར་དངོས་སུ་ཕྱིན་ཅིང་གཞན་ཞལ་ཚབ་མང་པོ་ཞིག་ཀྱང་མཇལ་རྒྱུ་བྱུང་ཞིང་། སྐབས་དེར་ངོས་ལ་སྤྱིར་རིས་སུ་མ་ཆད་པའི་ཆོས་བརྒྱུད་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཆོས་བརྒྱུད་ཐམས་ཅད་དང་། ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་ཡོངས་ནས་ཐུགས་གུས་ཆེན་པོས་གུས་བརྩི་དང་རེ་བ་ཅི་ཙམ་བྱས་པ་སེམས་ངོར་ཝ་ལེར་གསལ་ཞིང། ལར་དེ་དུས་ངོས་རང་དཔེ་ཆར་སྦྱང་བརྩོན་བྱེད་པའི་ཐོས་བསམ་པ་དཀྱིས་མ་ཞིག་སྟེ་རང་བཞིན་གྱིས་སླེབ་པའི་ལྷག་བསམ་དང་དམིགས་འདུན་གྱི་བསམ་བློ་ཙམ་ལས་ཐད་ཀ་ཐད་ཀར་ཞབས་ཏོག་དང་ལས་ཀ་སྒྲུབ་པའི་ནུས་པ་དང་ཁོར་ཡུག་སོགས་ཀྱི་ཆ་རྐྱེན་འདང་ངེས་ཡོད་པ་མ་རེད་ལ། དེ་ནས་རྒྱལ་ཕྱི་ནང་གི་ཁོར་ཡུག་དང་བསྟུན་དགོས་ཚེ་རང་རེ་གཞིས་བྱེས་གཉིས་སུ་གྱེས་ཤིང་ཁ་ཐག་རང་པོ་ཡིན་པར་མ་ཟད་ཁྱེད་རྣམ་པའི་ལུས་སེམས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ངོས་ནས་ཀྱང་གཏིང་ཟབ་པོས་ཚོར་གྱི་ཡོད། འོན་ཀྱང་གནས་སྐབས་སུ་འདུན་པ་དང་དམ་ཚིག་གཡོ་བ་མེད་པའི་ངང་ནས་ཕན་ཚུན་རྒྱང་བལྟ་བྱེད་པ་ལས་ཐབས་གཞན་མེད་ན་ཡང་། ངོས་ཀྱང་ཁྱེད་རྣམས་ལ་ཐུགས་འདོད་མེད་པ་དང་། གཅིས་པའི་ཕ་ཡུལ་དང་ལས་ཀྱི་འབྲེལ་བའི་རང་དང་དགོན་ས་ཕྱོགས་དེ་དག་མཐོང་འདོད་མེད་པ་དེ་དག་གི་ཆེད་དུ་བསམ་བློ་མ་འཁོར་བ་དང་སྣང་མེད་བྱས་པ་ནམ་ཡང་མིན། འབྱུང་འགྱུར་དུས་ཚོད་ཀྱི་འགྱུར་བ་གང་ལེགས་ཕྱོགས་སུ་ཕྱིན་པའི་ཆ་རྐྱེན་འོག་ཕ་ཡུལ་བསིལ་ལྡན་ལྗོངས་ནས་ང་ཚོ་ལྷན་དུ་ཡང་བསྐྱར་འཛོམས་ནས་སྤྱིར་རྒྱལ་བསྟན་སྤྱི་དང་ཡང་དགོས་༧གྲུབ་དབང་རྫོེགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་རྒྱུ་འོས་འགན་སུ་བབ། ཡིན་ན་ཡང་ད་ཆ་ཕྱི་མིག་ཅིག་བལྟ་དུས་དུས་ཚོད་དང་གནས་བབ་མང་པོ་ཞིག་ལ་བརྗོད་མི་ཤེས་པའི་འགྱུར་བ་འགྲོ་ཚར་ཞིང་འཇིག་རྟེན་གྱི་སྣང་ཚུལ་མང་པོ་ཞིག་གིས་ཀྱང་བསམ་ཞིག་གཏོང་དགོས་འཇུག་གི་འདུག གང་ལྟར་ཡང་ངའི་ངོས་ནས་༧རིགས་བརྒྱའི་ཁྱབ་བདག་པ་ཆེན་པོ་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང་མི་འགྱུར་ནམ་མཁའི་རྡོ་རྗེ་ཡབ་སྲས་ཀྱི་དུས་ནས་བྱུང་བའི་ཐུན་མིན་གྱི་དམ་ཚིག་དང་སླད་མེད་རང་བཞིན་གྱི་ལོ་རྒྱུས་ཀྱི་བྱུང་ཚུལ་ལྟར་༧གྲུབ་དབང་རྫོགས་ཆེན་པའི་བསྟན་གྲལ་དུ་ལས་སྨོན་གྱིས་སྐྱེས་ནས་མི་ཚེའི་ཕྱེད་ཀའང་ཡོལ་ཟིན། ཚེ་འདིར་སྔ་འགྱུར་སྤྱི་དང་བྱེ་བྲག་ངོས་ལ་རེ་ལྟོས་བྱེད་པའི་རང་རེའི་ཆོ་བརྒྱུད་འདིར་ཞབས་ཏོག་སྣ་རེ་ཡན་ཆོད་སྒྲུབ་ཐུབ་པའི་སྨོན་འདུན་རྨི་ལམ་དུའང་གཞན་ཕན་འདུ་བྱེད་ཀྱི་རྩོལ་བ་མང་པོ་ཞིག་ལ་རྩིས་གདབ་བཞིན་ཡོད། ཕྱོགས་གཅིག་ནས་རང་རེའི་བསྟན་པ་འདི་ཤིན་ཏུ་ཟབ་པའི་དབང་གིས་གང་ན་ཆོས་ཟབ་པ་ན་དེ་ན་བདུད་ཀྱང་ཟབ་ཅེས་ལྟར། ཕྱི་ནང་གི་ཉེར་འཚེ་ཅི་རིགས་བྱུང་བར་ཡང་ལྷ་དང་བླ་མའི་བཀའ་ལུང་བཞིན་རིམ་གྲོ་སོགས་ནི་གང་དྲག་བྱས་དང་བྱེད་བཞིན་ཡོད། སྤྱིར་རྒྱལ་བསྟན་སྙིགས་མའི་དབང་གིས་བསྟན་པ་རྣམ་དག་ཅིག་ཅི་བས་དཀའ་བ་ལྟ་བུར་གྱུར་འདུག་ཅིང་། ཁྱད་པར་བསྟན་པའི་རྩ་ལག་ཆེན་པོ་རྣམས་སྐུ་ཚེ་གཞན་དོན་དུ་གཤེགས་པ་སོགས་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་ལ་ཉམ་ཉེས་ཆེན་པོ་བྱུང་ཡོད་ན་ཡང་། ད་ལྟའང་དམ་པ་དེ་དག་གི་ཞལ་སློབ་བཟང་ལ་མང་བ་འཚོ་ཞིང་བཞེས་པ་སོགས་ཀྱིས་བསྟན་པའི་འཛིན་སྐྱོང་གང་ལེགས་སུ་ཡོད་པ་ཡི་རངས་ཀྱི་གནས་ལྟ་བུ་ཡིན་ཀྱང་། ཕྱོགས་གཞན་ནས་ཉེ་བའི་དུས་རབས་འདིའི་མི་རྣམས་གྱི་བསམ་བློ་ཐལ་བསྐྱོད་ཀྱི་གནས་ཚུལ་ཛ་དྲག་པོའི་འོག་ཕྱིའི་རྣམ་གཡེང་དང་ཆབ་སྲིད་ཀྱི་གཡོ་བ་སྣ་ཚོགས་ཆ་མི་སྙོམས་པའི་སྣང་ཚུལ་མང་པོར་གདོང་ལེན་བྱ་དགོས་བྱུང་བའི་ཁྲོད་ང་ཚོའི་ནང་བསྟན་སེམས་ཁམས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་ན་ཡང་། ད་ཆ་དུས་རབས་གསར་བའི་ཕྱིའི་དངོས་པོ་དང་ནང་སེམས་ཁམས་མཐུན་སྦྱོར་གྱི་གལ་ཆེའི་དགོས་མཁོ་དང་འཚམ་པའི་ང་ཚོའི་ཆོས་ལུགས་འདིར་འཛམ་བུ་གླིང་ལ་ཆེས་སྙན་པར་གྲགས་པའི་མཁས་པ་མང་པོ་ཞིག་གིས་གདེངས་འཇོག་གསར་བ་ཞིག་བྱེད་བཞིན་ཡོད་པ་དང་། སྐབས་བསྟུན་ནས་ང་ཚོས་ཀྱང་རྣམ་རིག་སྒྲིམ་རྒྱུའི་དུས་ལ་བབ་ཡོད། ཡིན་ན་ཡང་བོད་ཕྱི་མང་གི་གཞོན་སྐྱེས་ཚོར་ཆོས་ཀྱི་སློབ་གསོ་དང་རིག་གཞུང་གི་འདུ་ཤེས་ཆུང་དུ་འགྲོ་བཞིན་པ་དང་། ཁྱད་པར་དོན་མེད་ཅོལ་འགྲོགས་པ་འགའ་ཞིག་གིས་ཆོས་དང་རིག་གཞུང་ལ་ཁ་སྨྲས་གླེང་བརྗོད་བྱེད་མཁན་མཐོང་ཐོས་བྱུང་བར་གཞིག་ན་ཁོ་ཚོ་ཆོས་དང་རིག་གཞུང་གི་གནད་གསང་མ་ཤེས་པའི་ངན་རྟགས་ཕྱི་ལ་མངོན་པ་འང་གདོན་མི་ཟ། དེ་བཞིན་དགེ་འདུན་འདུས་པའི་སྡེར་ཡང་ཐོས་བསམ་དང་ཉམས་ལེན་གྱི་བསལ་བློ་ཤུགས་དྲག་པོ་མེད་པའི་གནས་ཚུལ་གཡོལ་ཐབས་བྲལ་བའི་ཤུགས་རྐྱེན་མངོན་གསལ་དོད་པོ་ཡིན་པ་བཅས་ལ་གདོང་ལེན་རེ་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ གྱུར་ཡོད་པ་འདི་ཀུན་གྱིས་ཐུགས་ལ་བཞག་ནས་དེ་བས་ཀྱང་ལེགས་སྤེལ་ཉེས་འགོག་གི་ཆེད་དུ་ཚང་མས་ནུས་པ་གཅིག་ཏུ་སྤུངས་རྒྱུ་གལ་ཆེན་ལས་ཀྱང་གལ་ཆེན་དུ་ངེས་དགོས། ཕྱོགས་གཅིག་ནས་དེང་སང་མི་རྣམས་རྟོགས་དཔྱོད་རགས་ཤིང་བསམ་གཞིགས་ཀྱི་ཚོར་བ་རྣོན་པོ་ཡོད་པ་ལྟར། གཞི་རྩའི་ཆ་ནས་སངས་རྒྱས་ཉིད་ཀྱིས་ཀྱང་བསམ་གཞིགས་ཀྱི་ལྟ་བ་གལ་ཆེན་དུ་གསུངས་པ་ལྟར་བསྟན་པ་ལ་དད་མཁན་སུ་ཞིག་ཡིན་ཡང་ཆེ་ས་ནས་རྒྱལ་བའི་བཀའ་བསྟན་ལ་ཡང་རང་ཉིད་ཀྱི་བློ་སྒོ་འབྱེད་པའི་སློབ་དེབ་ཀྱི་འདུ་ཤེས་བཟུང་སྟེ་ཤེས་ཡོན་ཅན་གྱི་ནང་པ་ཞིག་བྱེད་དགོས་པ་ལས་ཤེས་ཡོན་མེད་པའི་ནང་བ་ནི་རྗེས་ལུས་དང་རྨོང་པ་རེད་ལ། ཆུང་ས་ནས་ཀྱང་རང་གི་ཉམས་སུ་བླང་བྱའི་གཞི་རྩའི་ཆོས་ཀྱི་གོ་བ་རེ་ངེས་པར་རྙེད་དགོས་ལ། རང་བྱུང་དང་སྔགས་པའི་སྡེ་གཉིས་ཀ་ནི་དེ་བས་ཆོས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་པ་ལས་གལ་ཆེ་བ་གཞན་གང་ཡང་མེད། དེ་དང་ཆབས་གཅིག་དུས་རབ་གསར་བའི་འོག་ནས་དུས་རབས་དང་མཐུན་པའི་བསམ་བློ་ཀུན་སྤྱོད་དང་ཤེས་རིག་ཡོན་ཏན་སོགས་ཐུན་མོང་རང་བཞིན་གྱི་བསམ་བློ་དང་། ཡོངས་ཁྱབ་རང་བཞིན་གྱི་སྒྲིག་གཞི་ལ་བརྟེན་ནས་དེང་རབ་ཀྱི་སྤྱི་ཚོགས་དང་མཐུན་པར་སྒྲིག་འཛུགས་ཀྱི་ནུས་པ་བརྟན་པོ་བྱེད་རྒྱུ་དེ་བསྟན་པ་འཛིན་པ་ལ་མེད་དུ་མི་རུང་བ་ཞིག་རེད། དེ་ནི་སྣེ་ཁ་མང་པོ་ལས་གྲུབ་པ་ཞིག་ཡིན་ན་ཡང་གཞི་རྩའི་ཆ་ནས་ཚོགས་འཚོགས་སྟངས། འདོན་པ་འདོན་སྟངས། ནབ་བཟའ་བཞེས་སྟངས་སོགས་རྒྱུན་གྱི་ཀུན་སྤྱོད་དང་འབྲེལ་བ་ནས་བརྩམས་ཏེ་མཐོང་ན་མི་མཐུན་པ་མེད་པ་ཞིག་གནང་རྒྱུ་སོགས་དུས་རབས་ཀྱི་ཤུགས་རྐྱེན་འོག་ཆོས་དང་འབྲེལ་བའི་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུ་འདི་ཅི་ཙམ་དཀའ་ཁག་ཆེ་ན་ཡང་དེ་ཙམ་གྱིས་ཧུར་བརྩོན་གནང་རྒྱུ། ཁྱད་པར་གཞི་རྩའི་རྨང་གཞི་གང་ལེགས་ཡོད་པའི་དགོན་པ་རྣམས་ཀྱིས་སོ་སོའི་དགོན་པའི་ནང་བཤད་གྲྭ་གསར་རྒྱག་དང་། སྒྲུབ་གྲྭ་གསར་རྒྱག་དང་ཉམ་གསོ་བྱས་ནས་གྲྭ་བཙུན་རྣམས་ལེགས་པོ་བདག་སྐྱོང་བྱེད་དེ་རྒྱལ་བསྟན་སྙིང་པོ་འཛིན་སྐྱོང་དགོས་རྒྱུ་དང་། རྒྱུན་སྐྱོང་དེ་ཡང་ཚད་ལྡན་གནང་རྒྱུ་ཡོད་ཚད་ལས་ཆེས་བབ་པའི་འོས་འགན་གཙོ་བོར་འཛིན་དགོས། དེ་ལས་གཞན་པ་རྣམས་ཀྱིས་རང་ལུགས་ཀྱི་བཤད་གྲྭ་དང་། ཁྱད་པར་རིས་མེད་བསྟན་པའི་ཞིང་ས་འཛམ་གླིང་ན་ཆེས་སྙན་པའི་ནང་བསྟན་སློབ་གྲྭ་ཆེན་མོ་གསེར་ལྗོངས་བླ་རུང་སོགས་སུ་ཕེབས་ནས་སློབ་སྦྱོང་གཤིས་ཕྱིན་པ་སྤྲད་རྒྱུ་དང་། དཔེ་ཆ་བརྣམས་དང་། གྲོང་སྔགས་པ་སུ་ཡིན་ཡང་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་གི་རིགས་ཀྱི་རྒྱུད་འཛིན་ཞིག་ཏུ་གྱུར་བའི་ཆ་ནས་ངེས་པར་དུ་མེས་པོ་དམ་པའི་ཕ་ཕོག་དང་། ཕ་མེས་ནས་བཞག་པ་འོད་གསལ་སྙིང་པོའི་གཙོས་པའི་མདོ་རྒྱུ་སེམས་གསུམ་དང་བཀའ་དགོངས་ཕུར་གསུམ་སོགས་ཀྱི་བསྟན་པ་ལ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཆོག་སྒྲིག་དང་འབྲེལ་བ། ཆོག་སྒྲིག་ཕྱག་བཞེས་དང་འབྲེལ་བའི་ཉམས་ལེན་རེ་མེད་ཐབས་མེད་པའི་རིགས་ཀྱི་ལས་ལྟ་བུ་ཡིན་པ་དེ་ནམ་ཡང་ཐུགས་ལ་བཅངས་དགོས། མི་སྐྱ་ཕོ་མོ་རྣམས་ཀྱིས་ངོས་ནས་ཀྱང་བསམ་བློ་ཡངས་པོ་དང་མཐོང་རྒྱ་ཆེ་རུ་བཏང་ནས་གཡས་གཡོན་ལ་ཡག་པོ་བལྟ་དགོས་ཤིང་། གཙང་སྦྲ་འཕྲོད་བརྟེན་སོགས་ཡ་རབས་ཀྱི་ཀུན་སྤྱོད་དང་ཤེས་ཡོན་སློབ་གསོ་སོགས་བསམ་བློའི་ཡོན་ཏན་ཚད་མཐོ་རུ་བཏང་སྟེ། ས་རྩོད་དང་ཆུ་རྩོད་ཀྱིས་རང་རིགས་སྤུན་ཟླ་རྣམ་དམར་གསོད་བྱེད་པ་དང་། གཏོད་མེད་ཤྭ་རྒྱག་པ་དང་། ཆད་དང་ཨ་རག་བག་མེད་སྤྱོད་པ་སོགས་རང་གཞན་ཕུང་བའི་ལས་རྣམས་སྤོངས་ཇི་ཐུབ་དང་ཁྱད་པར་ཤེས་ཡོན་སྟོབས་དཔལ་གྱིས་ཁ་ལོ་བསྒྱུར་བའི་དུས་རབས་འདིར་ཤེས་ཡོན་མེད་ན་ཟ་མ་མི་རག་པའི་ཚད་ལ་སླེབས་ཚར་བས་རང་གི་བུ་ཕྲུག་རྣམས་ལ་ཤེས་ཡོན་ལེགས་པོ་ཅིས་ཀྱང་ཐོབ་ཐབས་བྱེད་དགོས། དེ་དང་ཆབས་གཅིག་ཕྲུ་གུའི་རྒྱུད་ལ་ཕ་མེས་ནས་བརྒྱུད་པའི་བོད་ཀྱི་ཡ་རབས་སྤྱོད་བཟང་རྣམས་འཇགས་པར་བྱ་རྒྱུའི་སློབ་གསོའི་འགན་ཁུར་རྒྱུ་དེ་རླབས་ཆེན་གྱི་ཕ་མ་དག་གི་ལས་འགན་ཡིན། དེ་བཞིན་དགོན་པ་དང་གྲོང་ཚོ་ཡུལ་བ་སུ་ཡིན་ཡང་རང་རང་གི་ཉེ་འཁོར་ལ་ལྗོན་ཤིང་གསར་འཛུགས་དང་མེ་ཏོག་གསར་འདེབས་བྱེད་ནས་འཕྲོད་བརྟེན་དང་སེམས་ཁམས་ལ་ཕན་ཐོག་ཚུལ་ཆེས་མཐོ་བའི་ཚན་རིག་པ་དག་གིས་གསུང་པ་ལྟར་ཡར་རྒྱས་སྔོན་ཐོན་ཅན་དག་ལ་གཟིགས་མོ་གནང་ནས་ལག་ལེན་བྱེད་ན་དགེ་མཚན་ཆེན་པོ་ཡོད། དེ་བཞིན་ངོས་ལ་རེ་སྒུགས་བྱེད་བཞིན་ཚེ་མའི་ལམ་དུ་ཕེབས་སོང་བ་རྣམས་དང་། རེ་བ་ཡིད་ཆེས་ཀོ་ནས་རེ་སྒུགས་བྱེད་མཁན་ཁྱེད་རྣམས་ཀྱིས་ཡི་ཆད་འཁང་ར་མ་བྱེད་དང་གཤིན་པོ་རྣམས་ལ་བསྔོ་བ་དང་སྨོན་ལམ། གསོན་པོ་རྣམས་ལ་སྐྱབ་མཇུག་གང་ཐུབ་བྱེད་དང་བྱེད་མུས། མཇུག་མཐར་ཁ་བ་གངས་ཅན་པའི་མཚོན་འཛམ་གླིང་སྤྱི་དང་བྱེ་བྲག་ལ་ཞི་བདེ་དང་རང་དབང་གསལ་ཞིང་ཁྱད་པར་རང་རེ་རྫོགས་ཆེན་ཆོས་བརྒྱུད་གཞིས་བྱེས་རྣམས་༧གྲུབ་དབང་རྫོགས་ཆེན་གོང་མའི་གདན་སར་མཇལ་འཛོམ་དང་དགའ་སྐྱིད་ཆོས་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་དང་བཅས། འཕགས་ཡུལ་ལྷོ་ཕྱོགས་ཙནྡན་གྱི་གནས་ཀློང་འཐུག་པོ་ཨ་པར་སྐྱུར་གསུམ་སོགས་སྨན་རིགས་སྣ་ཚོགས་ཀྱི་དྲི་བསུང་འཐིལ་བའི་ཚལ་ཆེན་པོ་༧གྲུབ་དབང་རྫོགས་ཆེན་པའི་གདན་ས་གཉིས་པ་ནས་ལས་སྨོན་གྱི་འབྲེལ་ཞིང་རྣམ་ཀུན་རང་ལ་རེ་ལྟོས་འཆའ་བའི་དགོན་མ་ལག་ཡོངས་ཀྱི་མདུན་སར། གྲུབ་དབང་རྫོགས་ཆེན་པའི་མིང་འཛིན་པ་ཐུབ་བསྟན་འཇིགས་མེད་བློ་གསལ་པོའམ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནས།
བོད་རབ་གནས་ཆུ་ཕོ་འབྲུག་ལོའི་ལོ་གསར་ཚེས་ ༡༠ ཉིན། རྫོགས་སྤྲུལ་བདུན་པས།

Menu