ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

མཁན་སློབ་ཆོས་གསུམ་གྱི་རང་ལུགས་གཙང་མ་འཛིན་པའི་སྔ་འགྱུར་བ་ཡོངས་ལ་སྤྲིངས་དོན།

མཁན་སློབ་ཆོས་གསུམ་གྱི་རང་ལུགས་གཙང་མ་འཛིན་པའི་སྔ་འགྱུར་བ་ཡོངས་ལ་སྤྲིངས་དོན། རང་རེ་རྣམས་ཀྱིས་དུས་དང་རྣམས་པ་ཀུན་ཏུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རིགས་བདག་ཏུ་བཟུང་ནས་གཞན་བསྟན་ཀུན་ལ་དག་སྣང་བྱ་རྒྱུ་བཤད་པའི་སྙིང་པོ་རུ་སོང་། དེ་ཡང་གསང་ཆེན་ཐེག་པའི་ཡང་རྩེ་སྔ་འགྱུར་རང་ལུགས་ནི་འདས་པའི་མི་ལོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་མཆོད་སྡེ་གཉིས་ཀྱིས་ཧི་མ་ལའི་རི་རྒྱུད་གཙོས་ཕྱོགས་གང་སར་སྟོབས་འབྱོར་རིགས་གསུམ་གྱིས་བྱས་རྗེས་རབས་དང་རིམ་པ་བཞག་ཡོད་མ་ཟད་རི་བོ་ཧི་མ་ལའི་རི་རྒྱུད་ཡོངས་སུ་བརྒལ་བའི་ལོ་རྒྱུས་ཀྱང་གསེར་ཡིག་ཁག་ཏུ་འཁོད་ཡོད་པ་ལྟར་རེད་ལ།
དེ་ནི་མི་ལོ་སྟོང་ཕྲག་ལྷག་གི་ཡར་སྔོན་གྱི་མཚོ་སྐྱེས་མ་ཧ་གུ་རུ་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་སེམས་དཔའ་ཆེན་པོ་ནས་བརྒྱུད་པའི་རང་རེའི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་གསུང་གི་སྣང་བས་ས་སྟེང་དོག་པོར་བྱས་པའི་འཀའ་དྲིན་ཉག་གཅིག་ཡིན་པ་དེ་བས་ཀྱང་སྨྲོས་སུ་མེད། རང་རེའི་སྐྱབས་རྗེ་རྣམས་ནི་གཅིག་ལས་གཅིག་མཚར་གསེར་རིའི་འཕྲེང་བ་ཚར་ཏུ་དངར་བའི་སྐྱབས་འོག་ནས་རང་རེ་སྐལ་བཟང་དུ་གྱུར་ཡོད་པ་ཡང་བརྗེད་དུ་མེད་པའི་དོན་གནད་ཞིག་ཏུ་གྱུར། ང་ཚོས་མིག་དཔེ་བཟང་པོས་བཀའ་དྲིན་རྗེས་དྲན་གྱིས་བསྟན་པ་ཆོས་བཞིན་སྐྱོང་དགོས་པ་དེ་རེད་ལ། འདས་སོང་གི་༸སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་དང་། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ། ད་ལྟ་འཚོ་ཞིང་བཞུགས་བཞིན་པའི་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། ༸སྐྱབས་རྗེ་འཁྲིལ་ཞིག་རིན་པོ་ཆེ། ༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་རྣམས་ཀྱིས་བཀའ་དགོངས་གཞིར་བཟུང་དང་། ཁྱད་པར་རྙིང་བསྟན་གཙོས་རིས་སུ་མ་ཆད་པའི་བསྟན་པར་རླབས་ཆེ་ཞིང་དྲིན་མཐུག་པའི་ཁམས་གསུམ་༸ཆོས་ཀྱི་རྒྱལ་པོ་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་ཟུང་གིས་བསྟན་དོན་བསྐྱངས་ཚུལ་ལ་ཕྱི་མིག་ཡང་ཡང་བལྟས་ནས་རང་བསྟན་གཅིག་སྒྲིལ་དང་མཉམ་ལས་སོགས་རླབས་ཆེ་བའི་ཕྱག་ལེན་ལ་གཟིགས་རྒྱུ་དེ་བས་ཀྱང་གལ་ཆེ། དེ་བཞིན་སྐབས་འདིར་བོད་ཕྱི་ནང་གཙོས་པའི་གཞན་འབྲུག་དང་། འབྲས་ལྗོངས། ལ་དགས། ཁུ་ནུ། མོན་པ། རྟ་མང་། ཤར་པ་སོགས་ཧི་མ་ལའི་རི་འདབས་ཀྱི་དད་ལྡན་ཐར་བ་དོན་གཉེར་མཁན་གཅིག་རྗེས་གཉིས་སུ་མཐུད་ནས་ཕྱག་མཆོད་སྐལ་བཟང་ལ་རེ་བའི་སྐབས་དེར་སྔ་འགྱུར་སྨོན་ལམ་ཚོགས་པའི་གོ་སྒྲིག་འོག་མཁན་ཆེན་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་རེ་གནང་རྒྱུ་ཁ་ཚ་དགོས་གཏུགས་ཀྱིས་བྱ་བ་གལ་ཆེན་ཞིག་ལ་ངོས་འཛིན་གནང་དགོས། སྔ་འགྱུར་རྙིང་མའི་སྨོན་ལམ་འདི་ནི་བཙན་བྱོལ་ཁྲོད་ཀྱི་སྨོན་ལམ་ཙམ་མིན་པར་བོད་ཕྱི་ནང་གཙོས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཟེར་བ་དོན་ལྡན་གྱིས་འཛམ་གླིང་གང་ས་ནས་ཕེབས་པའི་བརྒྱུད་རིམ་ལྡན་པའི་མཁན་སྤྲུལ་བླ་སློབ་ཚང་མར་གདན་ཐོབ་དང་། མཐུན་རྐྱེན་གཅིག་མཚུངས་ཀྱིས་མཉམ་ལས་མཉམ་འཚོགས་བྱེད་རྒྱུ་དེ་བས་ཀྱང་སྨྲོས་མེད་རེད། དེ་བཞིན་དེང་གི་དུས་ན་བོད་བརྒྱུད་ནང་བསྟན་ཞེས་འཛམ་གླིང་ན་སྙན་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་རབས་ཉེར་པའི་ནང་པ་དང་ནང་པའི་དགོན་སྡེ་ཁག་དེང་རབས་དང་། དེང་རབས་ཡར་ཐོན་གྱི་བསྟན་པའི་སྒྲིག་འཛུགས་ལ་ཐུགས་བསམ་ལྷུར་ལེན་པའི་མཁས་དབང་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། བྱེས་ཀྱི་མཁན་ཆེན་དམ་པ་པདྨ་ཤེས་རབས་སོགས་ལ་དུས་དང་དུས་སུ་བཀའ་དགོངས་ལམ་སྟོན་ཞུས་ནས་རང་རེ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བསྟན་པ་འདི་ཕུགས་རྒྱང་རིང་བོར་རྒྱུན་གནས་རྒྱུན་སྐྱོང་བྱེད་པའང་གལ་ཆེན་དོན་ཆེན་དུ་མཐོང་། དེ་བཞིན་སྔོན་སོང་དམ་པ་རྣམས་ཀྱིས་ཕྱག་རྗེས་ཀྱི་རི་མོ་མ་ཡལ་བར་བྱེད་ནས་ཆོས་ཆོས་བཞིན་བྱེད་རྒྱུ་ལས་ཆོས་སྲིད་དུ་བསྲེས་ནས་བསྟན་པའི་སྙིང་པོ་མྱུར་ལམ་རྫོགས་པ་ཆེན་པོའི་རང་མདངས་ཡལ་བར་མི་འགྱུར་བའི་དོན་ལ་ཀུན་གྱིས་བསམ་གཞིགས་ཀྱིས་གང་ནུས་ཇི་ལྕོགས་ཀྱིས་བསྟན་པའི་སྙིང་པོའི་རེ་འབྲས་རྒྱུད་ལ་ལོན་པའི་ཐབས་ལམ་ལ་འབད་པར་འཚལ་ཞེས། 
གྲུབ་དབང་རྫོགས་སྤྲུལ་བདུན་པའི་མིང་འཛིན་འཇིགས་མེད་བློ་གསལ་དབང་པོའམ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནས་སྔ་འགྱུར་དུས་དེབ་རྩོམ་སྒྲིག་པའི་བཀའ་དགོངས་ལྟར་སྨོན་ལམ་ཆེན་མོ་ཐེངས་ ༢༢ པར། བོད་རབ་གནས་ལྕགས་མོ་ཡོས་ལོའི་ཟླ་ ༧་ཚེས་ ༡༠ ཉིན། བྲིས་པ་དགེ་ལེགས་སུ་གྱུར་ཅིག