ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

༧སྐྱབས་རྗེ་རྡོ་གྲུབ་ཆེན་མཆོག་ལ་བརྟན་བཞུགས་ཕུལ།

Dzogchen1
སྤྱི་ལོ་༢༠༡༦ ཟླ་༨ ཚེས་༡༣ དང་། བོད་རབ་རྒྱན་མེ་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་༡༠ ཉིན་གྲུབ་ཐོབ་པདྨ་རིག་འཛིན་རྫོགས་ཆེན་རིན་པོ་ཆེ་མཆོག་གི་དབུས་འབྲེལ་ཡོད་རྫོགས་ཆེན་སློབ་འབངས་ནས། ལྷ་སྲས་མུ་རུབ་བཙད་པོའི་རྣམ་སྤྲུལ་ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མ་བའི་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག །ཁྱད་པར་དཔལ་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་སྲོག་ཤིང་པ་ཆེན་པོ་༧ སྐྱབས་རྗེ་རྡོ་གྲུབ་ཆེན་སྐུ་འཕྲེང་བཞི་པ་འཇིགས་མེད་འཕྲིན་ལས་དཔལ་འབར་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་འདུག །
བོད་ཟླ་དྲུག་པའི་ཚེས་༤ ཆོས་འཁོར་དུས་ཆེན་ནས་བཟུང་རྫོགས་ཆེན་དགོན་འདུས་མང་ནས་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་ག་ཞལ་ཕྱེས་ཏེ་ཚེ་སྒྲུབ་ཉིན་བདུན་ལ་འཚོགས་ཡོད་པ་དང་། དེ་བཞིན་རྡོ་གྲུབ་ཆེན་དགོན་ནས་ཀྱང་དགེ་འདུན་པ་ཞལ་གྲངས་༢༡ གིས་བླ་མ་རིག་འཛིན་འདུས་པའི་ཚེ་སྒྲུབ་ཚེས་༨ ནས་ཉིན་གསུམ་རིང་འཚོགས་ཏེ་ཚེས་༡༠ ཞོགས་པ་སྐྱ་རེངས་ཤར་སྐབས་དངོས་གྲུབ་ལེན་པ་བཅས་བྱས་ཡོད་འདུག །ཤྲི་རུ་གུ་རི་རྡོ་གྲུབ་ཆེན་ཆོས་ཚོགས་གཟིམ་ལྗོངས་སུ་རྫོགས་ཆེན་རིན་པོ་ཆེ་སྐུ་འཁོར་ཆེད་བཅར་གྱིས་སྤྲེལ་ཟླའི་ཚེས་༡༠ ཞོགས་པར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་རིན་པོ་ཆེ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་རང་བྱུང་རིག་པ་ཐོལ་སྐྱེས་སུ་སྐུ་འཁྲུངས་བའི་ཉིན་མོ་གནས་དུས་སྟོན་འཁོར་ཕུན་ཚོགས་ལྔ་ལྡན་ཀྱི་སྒོ་ནས་བརྟན་བཞུགས་རྒྱས་པ་ཕུལ། དེའི་རྗེས་སླར་སྐྱབས་རྗེ་མཆོག་ནས་རྫོགས་ཆེན་རིན་པོ་ཆེ་ལ་ཚེ་དཔག་མེད་ཀྱི་འདྲ་སྐུ་སྤུས་ལེགས་ཤིག་ཀྱང་ཐུགས་གཏད་དང་བཅས་གནང་ཞིང་དེར་ཕེབས་ཡོངས་ལ་ཆོས་འབྲེལ་དང་། སྐྱབས་རྗེ་རྣམ་གཉིས་ལྷོད་བཞུགས་ཀྱི་གསུང་གླེང་གནང་། བརྟན་བཞུགས་ལེགས་པར་གྲུབ་རྗེས་རྫོགས་ཆེན་རིན་པོ་ཆེ་སྐུ་འཁོར་རྣམས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གུ་རུའི་གནས་ཆེན་བྲག་དཀར་བཀྲ་ཤིས་སྡིང་། མཚོ་པདྨ་སོགས་གུ་རུའི་གནས་ཆེན་རྣམས་སུ་གནས་མཇལ་ལ་ཕེབས་ཏེ་ཚོགས་མཆོད་ཀྱང་རིམ་པར་ཕུལ་འདུག །བརྟན་བཞུགས་གྲ་སྒྲིག་འགན་འཛིན་ནི་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ཡིན་འདུག །
Dzogchen5