ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས།

    སྤྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། ཅམ་རཱ་ཇཱུ་ན་གྷར་རྫོང་། ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྤྱི་ཐུན་མོང་དང་། གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པའི་ཚོགས་བཅར་བ་རྣམས་ཀྱིས། གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་མཆོག་གི་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་པ་རེད།

དེ་ཡང་སྤྱི་ལོ་ ༡༩༨༥ ལོ་ནས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར། སྐྱབས་རྗེ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་དོན་ལྡན་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་ཀྱི་བླ་མར་ཆིབས་བསྒྱུར་གནང་ཞིང་། བྱེས་ཀྱི་སྔ་འགྱུར་གྲུབ་དབང་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་ཕྱག་བཏབ་གནང་བ་ནས་ས་གནས་མི་མང་གི་འཚོ་བ་དང་། ཤེས་ཡོན། འཕྲོན་བསྟེན་སོགས་ཚེ་འདི་དང་ཕྱི་མ་གཉིས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཆེར་བཞེས་གནང་སྟེ། ཕྱོགས་ཡོངས་ལ་གཟིགས་སྐྱོང་བླ་ན་མེད་པ་གནང་དང་གནང་བཞིན་ཡོད་པར་བརྟེན། སྤྱི་ལོ་ ༢༠༡༢ ལོའི་དོན་ལྡན་གླིང་ས་གནས་འཐུས་མིའི་ཚོགས་འདུ་སྐབས་ ༧ པའི་ཚོགས་དུས་ ༥ པའི་ཐོག་ས་གནས་གཞིས་ཆགས་འགོ་མང་ཡོངས་ནས་སྐྱབས་རྗེ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད། བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་སྤྱི་མོས་གྲོས་ཆོད་བྱུང་སྟེ། རྡོ་གྲུབ་ཆེན་དགོན་པ་ནས་སྐྱབས་རྗེ་རྡོ་གྲུབ་རིན་པོའི་ཆེས་བླ་ཚབ་གདན་ཞུས་ཀྱིས་ཉིན་མང་པོའི་རིང་ལ་བླ་མ་རིག་འཛིན་འདུས་པའི་ཆོ་གའི་ཚོམ་བུ་ཚོགས་སྒྲུབ་སྔོན་དུ་བཏང་བ་དང་།
     སྤྱི་ཚེས་ ༣༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ : ༣༠ ཐོག་དོན་ལྡན་གླིང་ས་གནས་འགོ་འཛིན་ཕུན་ཚོགས་རིང་ལགས་ཀྱིས་གཙོས་པའི། ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ། ས་གནས་ཀྱི་གཞིས་གྲོང་ཁག་གི་འཐུས་མི་དང་སྡེ་ཚན་གཞན་ཁག་གི་འཐུས་མི། དེ་བཞིན་སེར་སྐྱ་མི་མང་སུམ་བརྒྱ་བརྒལ་བ་དང་། གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པར་ཕེབས་པའི་རྫོགས་ཆེན་དགེ་མང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་བླ་ཚབ་བཅས་བོད་ཕྱི་ནང་གི་དགོན་སྡེ་ ༤༠ ལྷག་གི་བླ་སྤྲུལ་རྣམས་དང་། གཞན་ཡང་འཛམ་གླིང་ཤར་ནུབ་གྱི་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཞལ་སློབ་དད་ལྡན་མི་མང་བཅས་མཉམ་འཛོམས་བྱུང་ཐོག སྐྱབས་རྗེ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་སྤོས་རྒྱ་སེར་ཕྲེང་གིས་གདན་ཞུས་བྱས་ཤིང་། གཙུག་ལག་ཁང་གི་འཕགས་ཚོགས་འདུའི་ཚོགས་མགོན་དུ་ཞབས་པད་གསེར་ཀྱི་ཁྲི་ལ་འཁོད་པ་དང་། ཐོག་མར་འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ། བླ་མ་རིག་འཛིན་འདུས་པའི་ཆོ་ག་ལ་བརྟེན་པའི་བརྟན་བཞུགས་དངོས་ཀྱི་གསོལ་འདེབས་རྟེན་འབུལ་ཞུ་བའི་ཐོག་མར། འཕགས་ཡུལ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་ལས་ཐོག་མཁན་རབས་བཞི་པ་འཇམ་དཔལ་བསྟན་འཛིན་མཆོག་གིས་མཎྜལ་ལྗགས་བཤད་གནང་ཞིང་།
       ས་གནས་གཞིས་སྤྱིའི་སྐུ་ཚབ་ས་གནས་འགོ་འཛིན་གྱིས་མཎྜལ་རྟེན་གསུམ་གྱིས་སྣེ་དྲངས་ཏེ། བརྟན་བཞུགས་འབུལ་ཚོན་བསྟར་འབུལ་ཞུས་ཡོད་པ་དང་། དེའི་རྗེས་སུ་དགེ་མང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས་པའི་རྫོགས་ཆེན་ཀོང་སྤྲུལ་སོགས་བོད་ཕྱི་ནང་ནས་ཕེབས་པའི་དགོན་སྡེ་ཁག་ ༤༠ ལྷག་གི་བླ་སྤྲུལ་རྣམས་ཀྱིས་ཀྱང་རང་རང་སོ་སོའི་དགོན་པའི་ཚབ་བྱས་ནས་འབུལ་ཚན་བསྟར་འབུལ་ཞུས་ཡོད་པ་རེད་ལ། གཞན་ཡང་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་དད་ལྡན་མི་མང་བཅས་ཀྱིས་ཀྱང་འབུལ་མཚོན་བསྟར་འབུལ་བྱས། དེའི་རྗེ་སུ་ས་གནས་སེར་སྐྱ་མང་ཚོགས་ལ་མཇལ་ཁ་གནང་སྐབས།
   རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་ “ཁྱེད་རྣམས་ཀྱིས་ཞབས་བརྟན་གསུང་གི་ཡོད་རེད། ཐུགས་སྨོན་གནང་གི་ཡོད་རེད། ཚེ་སྒྲུབ་གནང་གི་ཡོད་རེད། གང་ལྟར་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་གི་ཡོད་ན་ཚེ་རིང་དགོས་ཀྱི་རེད། བསྟན་པ་དང་སེམས་ཅན་ལ་ཕན་མི་ཐོག་མཁན་ཞིག་ཡིན་ན་ཚེ་རིང་མ་དགོས་པ་ཞིག་རེད། གནད་འགག་དེ་ལ་ཐུག་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་གང་ལྟར་ང་བསྡད་པའི་རིང་ལ་བསྟན་པ་ལ་ཞབས་ཕྱི་ཞུ་རྒྱུ་དེ་ང་རང་གི་ལས་འགན་འདྲ་པོ་དེ་ཡིན། ” ཅེས་དང་། གཞན་ཡང་མི་མང་གིས་ཆོས་དང་དགེ་བ་སྒྲུབ་རྒྱུ་དང་། དགོན་པའི་ངོས་ནས་ཀྱང་ཆོས་ཆོས་སུ་འགྲོ་བའི་ལས་ཀ་བྱེད་དགོས་སྐོར་ཀྱི་བཀའ་སློབ་གནང་ཡོད་པ་བཅས་གསར་འགྱུར་མདོར་བསྡུས་སུ། །