ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

ཞབས་བརྟན།

ཞབས་བརྟན་གསོལ་བདེན་ཚིག་རྡོ་རྗེའི་སྒྲ་དབྱངས།

ཁྱབ་གདལ་ཞི་བ་ཆེན་པོའི་དབྱིངས་ཉིད་ལས།། ལྷན་གྲུབ་ཡེ་ཤེས་དག་པའི་རོལ་མོ་རུ།། སྣང་བའི་ཟློ་གར་ཀུན་ནས་སྤྲོ་མཁས་པ།། དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས།། མགོན་ཁྱོད་ཤུགས་དྲག་གདུང་བ་མི་མངའ་ཞིང་།། སྣང་བཞིའི་ནམ་གྱི་བགྲོད་པས་དབུགས་དབྱུངས་སྟེ།། ལྷུན་རྫོགས་དང་པོའི་མགོན་པོར་སངས་རྒྱས་ཀྱང་།། ཐོས་འཛིན་སྐལ་བཟང་བྱས་ལ་གསོལ་བ་འདེབས།།

རྒྱལ་བསྟན་ལྔ་བརྒྱའི་དུས་མཐར་ཉེན་པ་ལ།། སྐྱོ་ཤས་བསྐུལ་བའི་ཕོ་ཉར་ཞི་བར་གཟིམས།། བསྟན་འགྲོའི་ཉེར་འཚོར་མཆོད་སྡོང་ཡོངས་བཞེངས་པ།། འཇིགས་མེད་བློ་གསལ་དབང་པོ་ཞབས་བརྟན་གསོལ།། ཡེ་ཤེས་སྐུ་ཅན་ཁྱབ་བདག་བླ་མ་ཡི།། གསང་བ་གསུམ་གྱི་འཕྲིན་ལས་མི་ཟད་པ།། སྐལ་བཟང་འགྲོ་བའི་ཁམས་ལ་ལེགས་སྨིན་ཏེ།། མངོན་གསུམ་བྱིན་རླབས་དཔལ་དུ་ཉེར་འཚོ་ཤོག། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་།། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་མཐུས།། གཞན་ཕན་བཟང་པོའི་སྨོན་ལམ་གང་བཏབ་པ།། དེ་དག་ཐམས་ཅད་གེགས་མེད་འགྲུབ་པར་ཤོག།
ཅེས་པའང་གྲུབ་དབང་རྫོགས་ཆེན་སྐུ་འཕྲེང་ལྔ་པ་ཉིད་ཀྱིས་གྲུབ་ཆེན་རིན་པོ་ཆེའི་སྐུ་སྐྱེས་སུ་ངོས་འཛིན་ཐོབ་པ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོས་སྨོན་པ་དགེ།།