ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

ཞབས་བརྟན།

གྲུབ་དབང་རྫོགས་ཆེན་པའི་སྐྱེ་འཕྲེང་ཞལ་སྐོང་ནི།

བི་མའི་རྣམ་རོལ་རྡོ་རྗེའི་ལུང་གིས་བསྔགས།། ཐུགས་བསྐྱེད་ཕྲིན་ལས་དོན་ཡོད་ཞགས་པ་ཡིས།།བསྟན་འགྲོའི་རྒུད་སེལ་བཀའ་གཏེར་བསྟན་པའི་བདག།། ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས།། དུས་གསུམ་གཟིགས་པས་ཇི་ལྟར་ལུང་བསྟན་བཞིན།། ཐུགས་རྗེ་ཡེ་སྤྲུལ་འཕགས་པའི་རྣམ་ཐར་གྱིས།།

འགྲོ་ཀུན་རྗེས་སྐྱོང་རྒྱལ་སྲས་སེམས་དཔའ་ཆེ།། འཇིགས་བྲལ་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས།། ཀུན་བཟང་བསྟན་པའི་བདག་པོའི་ཡེ་ཤེས་ཀྱི།། སྒྲིབ་བྲལ་དགོངས་པས་ལུང་བསྟན་མཆོག་སྤྲུལ་ཆེ།། དཔལ་ཆེན་འགྲོ་འདུལ་ཕྲིན་ལས་ཐུགས་རྗེའི་གཏེར།། འཇིགས་མེད་བློ་གསལ་དབང་པོ་ཞབས་བརྟན་གསོལ།།
ཞེས་པའང་བླ་མ་རྒྱལ་དབང་ཉི་མས་རྟེན་བཅས་བཀའ་ཡི་བསྐུལ་མ་གནང་བ་བཞིན། མཚུངས་མེད་གྲུབ་དབང་མཆོག་གི་སློབ་གྲལ་དུ་འཁོད་པ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།