ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཞབས་བརྟན།

ཞབས་བརྟན་གསོལ་འདེབས།

རྨད་བྱུང་རྒྱལ་བསྟན་མཁའ་ལམ་ཡངས་པ་རུ།། བཤད་སྒྲུབ་བསྟན་པའི་མངའ་བདག་འགྲོ་བའི་མགོན།། ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི།། ངེས་པ་དོན་གྱི་བསྟན་པའི་མངའ་བདག་མཆོག། སྐྱབས་གཅིག་པད་དཀར་འཆང་བའི་ཐུགས་ཀྱི་སྲས།། རིག་འཛིན་མཁས་གྲུབ་ཡོངས་ཀྱི་རྒྱལ་ཚབ་རྗེ།། གསུམ་ལྡན་རྡོ་རྗེ་འཛིན་པ་འཁོར་ལོའི་བསྒྱུར།།

ཕྱི་ལྟར་རྣལ་འབྱོར་གྲུབ་པའི་དབང་ཕྱུག་མཆོག། ནང་དུ་བྱང་ཆུབ་སེམས་དཔའི་ས་ཆེན་ཐོབ།། གསང་བ་རིམ་གཉིས་ཟབ་མོའི་རྣལ་འབྱོར་བ།། བརྒྱུད་ལུང་མན་ངག་འདོམ་པའི་གསང་མཛོད་རྗེ།། བསླུ་མེད་མཆོག་གསུམ་རབ་འབྱམས་རྒྱ་མཚོ་དང་།། འཆི་མེད་པདྨ་ཀ་རའི་བྱིན་མཐུ་ཡིས།། སྔ་འགྱུར་བསྟན་པ་ཡོངས་ཀྱི་གཙུག་གི་རྒྱན།། གྲུབ་དབང་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཉིད།། སྐུ་ཚེ་མི་ཤིགས་ཆོས་བདུན་ངོ་བོར་བཞུགས།། ཆེ་དགུའི་གཙུག་ན་ཡིད་བཞིན་ནོར་བུ་མཆོག།། འཁོར་ལོ་གསུམ་གྱི་ངོ་མཚར་མཛད་པ་ཡིས།། འཕྲིན་ལའི་འོད་སྣང་ས་གསུམ་ཁྱབ་པར་ཤོག། རྡོ་རྗེའི་སྐུ་ཉིད་འཕོ་འགྱུར་དང་བྲལ་ཞིང་།། འཁོར་འདས་དྭངས་མའི་ཚེ་བཅུད་ཡོངས་བསྡུས་ནས།། བསྟན་འཛིན་དམ་པའི་སྐུ་ཚེ་བསྲིང་མཛད་སྟེ།། བསྟན་འགྲོའི་དོན་ཆེན་གེགས་མེད་འགྲུབ་པར་ཤོག། ཞེས་ཨ་རིག་ཆོས་གྲྭ་ཆེན་མོའི་མཁན་ཆེན་བླ་མའི་རྒྱབ་ཚབ་གྱི་མིང་འཛིན་པ་ཀཿཐོག་འབྲུག་གྲགས་སྤྲུལ་མིང་བ་ལུང་རྟོགས་བསྟན་པའི་ཉི་མར་འབོད་པ་དེས་སྙིང་ནས་སྨོན་པ་དགེ་ཞིང་བཀྲ་ཤིས་པར་ཤོག། །།