ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཞབས་བརྟན།

ཞབས་བརྟན་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས།

རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་འཕྲེང་བདུན་པར་ཞབས་བརྟན་དུ་གསོལ་བ་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས།
ཀ་དག་འོད་གསལ་གཉུག་མའི་ཡེ་ཤེས་སྐུ།། ལྷུན་གྲུབ་འཕོ་ཆེན་རྡོ་རྗེའི་སྣང་བ་ནི།། དེང་འདིར་མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཅན།། མཚུངས་མེད་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག།

ཐུབ་བསྟན་ལུང་རྟོགས་ནོར་བུའི་མཛོད་འཛིན་ཅིང་།། འཇིགས་མེད་སེང་གེའི་སྒྲ་ཡིས་ཕས་རྒོལ་འཇོམས།། བློ་གསལ་མཁས་གྲུབ་ཡོངས་ཀྱི་དབང་པོ་སྟེ།། བསྟན་དང་འགྲོ་བའི་གཙུག་རྒྱན་ཞབས་བརྟན་གསོལ།། སྔ་འགྱུར་བསྟན་འཛིན་རྒྱ་མཚོའི་གཙུག་རྒྱན་མཆོག། མདོ་སྔགས་ཟབ་གསང་འཆད་མཁས་འཇིགས་དང་བྲལ།། གསང་གསུམ་ཡོན་ཏན་ལྷུན་པོའི་དཔང་བཞིན་མཐོ།། སྲིད་གསུམ་འགྲོ་བའི་མགོན་པོ་ཞབས་བརྟན་གསོལ།། ཐེག་དགུའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེའི།། བསྟན་འགྲོའི་མགོན་དུ་སྤྲུལ་བའི་རྣམ་རོལ་མཆོག། རྟག་ཁྱབ་ལྷུན་གྲུབ་སྲིད་ཞིའི་སྤྱི་དཔལ་དུ།། རྡོ་རྗེའི་ཆོས་བདུན་ངོ་བོར་འཚོ་ཞེས་གསོལ།། རྩ་གསུམ་སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྗེར།། མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས།། ཇི་ལྟར་གསོལ་བཞིན་རེ་སྨོན་འགྲུབ་པ་དང་།། མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག། ཅེས་པའང་སྔ་འགྱུར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་ཞབས་བརྟན་ཚིག་བཅད་ཁ་ཤས་བྲིས་ཤིགས་ཅེས་མཁས་བཙུན་གྲུབ་པའི་དབང་ཕྱུག་དགེ་མང་མཁན་རིན་པོ་ཆེ་པདྨ་དབང་རྒྱལ་མཆོག་གིས་ནན་ཏན་དུ་བཀས་གནང་བ་ལྡོག་ཏུ་མ་སྤོབས་ཏེ་འབྲི་བ་པོ་ནི་རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་འཕྲེང་དྲུག་པ་དང་བདུན་པ་གཉིས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་གུས་འབངས་ཀུན་རྨོངས་ཀུན་ཏུ་རྒྱུ་དཔེ་ཝར་སྤྲུལ་མིང་འཇམ་དབྱངས་བསོད་ནམས་དབང་པོ་སྟེ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །