ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཞབས་བརྟན།

ཞབས་བརྟན་གསོལ་འདེབས་འཆི་མེད་སྦྲང་ཆར།

སྟོབས་བཅུ་མངའ་བ་ཐུབ་དབང་ལྷ་ཡི་ལྷ།། འཛམ་གླིང་མཛེས་རྒྱན་དྲུག་དང་མཆོག་གཉིས་སོགས།། རྒྱལ་དང་དེ་སྲས་སྐྱབས་ཡུལ་རྒྱ་མཚོ་ལ།། མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། འཇིགས་བརྒྱད་སྐྱབས་མ་འཕགས་མ་ཏཱ་རེ་མ།། འཆི་བདག་བདུད་འཇོམ་འཆི་མེད་ཚེ་དཔག་མེད།། བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་མའི་སྡེ།། འཆི་མེད་ཚེ་ལྷ་གསུམ་གྱིས་ཤིས་པ་སྩོལ།།

རྒྱལ་ཀུན་གཅིག་འདུས་འཆི་མེད་པདྨ་འབྱུང་།། རྗེ་འབངས་ཉེར་ལྔ་གཏེར་ཆེན་བརྒྱ་རྩ་བརྒྱད།། བཀའ་གཏེར་བརྒྱུད་པའི་བླ་མ་ཡི་དམ་ལྷ།། གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ།། པདྨ་རིག་འཛིན་ཐེག་མཆོག་བསྟན་འཛིན་ཞབས།། བསྟན་འཛིན་བཟང་པོ་མི་འགྱུར་ནམ་མཁའི་མཚན།། ཆོས་ཀྱི་རྡོ་རྗེ་བྱང་ཆུབ་རྡོ་རྗེ་ལ།། རྩེ་གཅིག་གུས་པས་སྙིང་ནས་གསོལ་བ་འདེབས།། སྐྱབས་ཀུན་འདུས་གཟུགས་རྒྱལ་དབང་རྫོགས་ཆེན་པ།། ཞིང་འདིར་གཟིགས་པ་ལྔ་ཡི་བསམ་བཞིན་དུ།། མཚན་དཔེ་ཡོན་ཏན་རྒྱ་མཚོའི་དཔལ་འཆར་བཞིན།། གཡོ་མེད་རྡོ་རྗེའི་ཆོས་སུ་རྟག་བཞུགས་གསོལ།། ཐོས་བསམ་སྒོམ་པས་བསྟན་པའི་རྒྱལ་མཚན་བཙུག། འཆད་རྩོད་རྩོམ་པས་གདུལ་བྱ་ཐབས་ཀྱིས་སྐྱོང་།། མཁས་བཙུན་བཟང་པོས་ཐུགས་རྒྱུད་ཕྱུར་བུར་བསྟམས།། སྐྱེས་མཆོག་མི་ཡི་སེང་གེ་ཞབས་བརྟན་གསོལ།། བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་པ།། རང་རིགས་གདོད་མའི་གནས་ལུགས་མ་སད་བར།། མགོན་ཁྱེད་ཀུན་ཏུ་བཟང་པོའི་གཞི་དབྱིངས་སུ།། མི་འདའ་རྡོ་རྗེ་ཁྲི་ལ་རྟག་བཞུགས་གསོལ།། འཆི་མེད་ཚེ་ལྷ་གསུམ་གྱི་བྱིན་རླབས་དང་།། ཆོས་ཅན་ཆོས་ཉིད་བདེན་པའི་ནུས་མཐུ་དང་།། བདག་གི་ལྷག་བསམ་བཟང་པོས་སྨོན་པའི་ཚིག། གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
ཞེས་ཞབས་བརྟན་དུ་གསོལ་བ་འཆི་མེད་སྦྲང་ཆར་ཞེས་བྱ་བ་འདི་འཔགས་ཡུལ་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་དགོན་པའི་ལས་བྱེད་དང་འདུས་ཚོགས་ཐུན་མོང་སྐྱབས་རྗེ་གྲུབ་དབང་རྫོགས་ཆེན་སྐུ་འཕྲེང་བདུན་པའི་ཞབས་བརྟན་ཞིག་ཆེད་རྩོམ་དགོས་ཞེསརྟེན་ལྷ་རེག་དང་ཧིན་སྒོར་ལྔ་བརྒྱ་བཅས་ཇི་ལྟར་བསྐུལ་གནང་བ་བཞིན་མདོ་ཁམས་སྡེ་དགེ་སྒ་རྗེ་ཁམས་དབུས་དགོན་པའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་དོན་གྲུབ་པས། བོད་རྒྱལ་ལོ་༢༡༣༤ བོད་ཟླ་ ༥ ཚེས་ ༣༠ སྤྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༤ ཉིན་བྲིས་པ་ཤིན་ཏུ་དགེ་བར་གྱུར་ཅིག། །།