ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

༄༅། །སྙིང་ཁུང་ནས་བརྡོལ་བའི་མཆོད་སྤྲིན།

རྒྱལ་བསྟན་རིན་ཆེན་གསེར་གྱི་འཁོར་ལོ་ལུང་རྟོགས་ཕྱག་གིས་ཡང་དག་འཛིན། །འཇིགས་བྲལ་གདོང་ལྔའི་ཁྲི་འཕང་དབུས་སུ་མཚན་བཟང་གཟུགས་སྐུ་ལྷུན་པོ་བརྗིད། །
ཚོགས་གཉིས་བསགས་པའི་རྒྱ་མཚོ་བསྲུབས་ལས་ཁྱེད་སྐུ་སྐལ་བཟང་ཟླ་བའི་བཞིན། །སླར་ཡང་ཞིང་འདིའི་དཔལ་དུ་ཤར་བས་སྐྱེ་དགུའི་ཡིད་ཀྱི་མུན་པ་སངས། །
 གངས་རིའི་ལྷ་གཅིག་ཕྱག་ན་པདྨོའི་ཐུགས་རྗེའི་འོ་མཚོ་འཕྱུར་བ་ལས། །བྱིན་རླབས་བདུད་རྩིའི་ཟེགས་མ་དང་བཅས་ཡང་དག་མཚན་གྱི་ཡོད་པན་མཆོག །
དམ་པ་གོང་མའི་བཀའ་ལུང་ཅི་བཞིན་རྒྱལ་སྲས་གཞོན་ནུ་ཁྱེད་ལ་གནང་། །རྫོགས་ཆེན་བསྟན་པའི་མངའ་བདག་ཆེན་པོ་ཡིད་བཞིན་ནོར་བུ་ཁྱེད་མིན་སུ། །
 
ཁྱེད་སྐུ་མཚན་དཔེའི་གཟི་བྱིན་འབར་བ་གངས་དཀར་ལྷུན་པོའི་གཙུག་ན་མཛེས། །ཁྱེད་གསུངས་དབྱངས་སྙན་ཚངས་པའི་ངག་གིས་ཀུན་དགའི་ཡིད་ཀྱི་དཔལ་ཡོན་འགུགས། །
ཁྱེད་ཐུགས་འཁྲུལ་མེད་ལྷ་ལམ་དབྱིངས་ནས་བྱམས་བརྩེའི་འོད་ཟེར་འབུམ་འགྱེད་པ། །རྫོགས་ཆེན་བསྟན་པའི་མངའ་བདག་ཆེན་པོ་ཡིད་བཞིན་ནོར་བུ་ཁྱེད་མིན་སུ། །
 
འདི་ན་དད་གསུམ་འདབ་བརྒྱ་བཞད་ཅིང་དུང་སེམས་ཟེའུ་འབྲུ་གཡོ་བ་ཡི། །བཅོས་མིན་ཡིད་ཀྱི་འོ་མཚོ་ལས་འཁྲུངས་མཆོད་པར་མཚོན་པའི་མེ་ཏོག་ཞིག །
རྒྱང་རིང་ཕ་མཐའ་ཡུལ་གྱིས་བསྐལ་བའི་ལྷ་སྲས་ཁྱེད་ལ་འབུལ་ལགས་ན། །རྨད་བྱུང་ཕྲིན་ལས་པདྨ་དཀར་པོས་སྲིད་པའི་མཛེས་ལྗོངས་འགེང་གྱུར་ཅིག །
རྩོམ་པ་པོ། ནགས་ཕྲན་ཕུན་ཚོགས་ནོར་བུ།