ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་ལ་བསྔགས་པ།

༄༅།།སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་ལ་བསྔགས་པ་དད་གསུམ་འོ་མཚོ་འཕྱུར་བའི་རང་མདངས།
འཇིགས་མེད་ཐུབ་བསྟན་སྔ་འགྱུར་མཛོད་འཆང་པ།། བློ་གསལ་དབང་པོ་གྲུབ་བརྒྱའི་གཙུག་རྒྱན་དེ།།  ཤར་ནུབ་ཀུན་ན་མཛད་འཕྲིན་དཀར་པོ་ཞིག།།   དྲག་ཏུ་གཡོ་བའི་རི་མོ་མངོན་ལ་ལྟོས།།   འབྲས་མོ་ལྗོངས་ནས་གཟུགས་སྐུའི་ལང་ཚོ་བཞད།།

  མཛད་པའི་གཟི་འོད་རྒྱ་བོད་ཀུན་ལ་འཕུར།།  སྔ་འགྱུར་བསྟན་པའི་གཙུག་རྒྱན་ཡིད་བཞིན་ནོར།།  སླར་ཡང་བསྟན་འགྲོའི་མགོན་དུ་བཞུགས་རེ་སྤྲོ།།   རྒྱལ་མཆོག་མཁྱེན་པའི་ཐུགས་ཀྱིས་བརྩེ་ཚུལ་དང་།།  རྫོགས་སྤྲུལ་དྲུག་པའི་ཡང་སྲིད་མ་ནོར་ཞེས།། ཆེད་དུ་བརྗོད་པའི་བསྔགས་བརྗོད་འཐོར་ཚུལ་སོགས།། ལོ་རྒྱུས་དེབ་ཐེར་དབུས་སུ་ལྷག་ཏུ་མངོན།།  ལྷོ་ཕྱོགས་མ་ལ་ཡ་ཡི་ནང་ཀླུང་དུ།། སྔ་འགྱུར་བསྟན་པའི་གདན་ས་ཆེན་པོ་ཞིག།     འགྱུར་མེད་དམ་བཅའི་ཀློང་ནས་སྦྱང་པ་དེ།།  རྫོགས་སྤྲུལ་བདུན་པ་ཆེན་པོ་ཁྱེད་མིན་སུ།།   བྱམས་བརྩེ་ཐུགས་ཀྱིས་མ་འདོར་ཉམ་ཆུང་ཚོ།།   བརྩེ་བའི་རྗེས་སུ་བཟུང་བའི་རམ་འདེགས་སོགས།།   མགོན་པོ་ཁྱེད་ཀྱི་བསྒྲུབས་པའི་བཀའ་དྲིན་དེ།།   ནམ་ཡང་གཞལ་དཀའི་བཀའ་དྲིན་གཞལ་ཐབས་བྲལ།།   ལྟ་སྒོམ་མཐོན་པོའི་མཉམ་རྟོགས་སྔོན་ནས་འཁྲུངས།།  ཤར་ནུབ་རིག་པའི་རྣམས་བཞག་སྔོན་ནས་མཁྱེན།།     སྔ་འགྱུར་བསྟན་པའི་རྒྱན་དུ་ཕེབས་པ་འདི།། སེམས་ཁོང་འོད་ཀྱིས་ཁེངས་བའི་ངལ་གསོ་ཐོབ།།  རྫོགས་ཆེན་གཞིས་བྱེས་གཉིས་ཀྱི་སྐྱབས་མགོན་དེ།། ཡང་སྲིད་མ་ནོར་རྫོགས་སྤྲུལ་བདུན་པ་དེ།། ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ཞེས།།  ཁྱེད་གཞན་མ་རྟོགས་རེ་ས་གཞན་ན་མེད།། ཁ་བའི་རིག་གཞུང་མི་ཉམས་སླར་གསོའི་ཆེད།།  སློབ་ཡོན་སྦྱར་ནས་སློབ་ཆེན་དུ་མ་ཞིག།    བསྐྱང་བའི་ལྷག་བསམ་དཀར་པོའི་འོད་རླབས་དེས།།     རྨོང་པའི་མུན་ནག་བཅོམ་པའི་བརྒྱུད་རིམ་མང་།།   རྒན་གསོ་ཁང་དང་སྨན་ཁང་ཡོན་སྦྱར་སོགས།།  བྱམས་ཆེན་ཐུགས་བརྩེས་བཟུང་བའི་ཆོད་སེམས་དེ།།  ནམ་ཡང་གཞལ་མཐའ་བྲལ་བའི་བཀའ་དྲིན་སོགས།།  སྙིང་གི་འདབ་སྟོང་ངོགས་ན་འཁོར་གྱིན་ཡོད།། མཛད་འཕྲིན་བར་མེད་བཞུར་བའི་ཀུན་ཁྱབ་རླུང་།།  རྟག་ཏུ་འགྱུར་བ་མེད་པར་རྒྱས་པ་དང་།། སྐུ་ཚེ་མི་འགྱུར་ཡུན་རིང་བཞུགས་པ་དང་།།  ཐུགས་བཞེད་གང་ཡོད་མྱུར་དུ་འགྲུབ་པར་སྨོན།།   སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོའི་ཕྱི་ནང་གསང་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཅན་མདོ་ཁམས་གསེར་མོ་ལྗོངས་ནས་ལང་ཚོ་སྨྱུ་གུ་སྨིན་པའི་ཕ་ཡུལ་དང་ཞོ་རྩམ་ལ་དུངས་བ་ཟབ་པའི་སྤྲང་རྒན་གསེར་རྟའི་ལྡོམ་བུ་དབལ་ཤུལ་བསོད་ནམས་ཕུན་ཚོགས་སམ་སྙུག་མིང་ལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ ་རམ་ས་ལ་སྟོད་པ་དཀྱིལ་གྲོང་ནས་སུག་བྲིས སོ།།     ༢༠༠༡༡   ༡༠     ༡༩