ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ལེགས་དགུའི་དཔལ་ཕྱུག

རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེའི་ཆུ་གཏེར་ལས། །མཚན་དཔེའི་མཛེས་སྡུག་བཀྲ་བའི་ཟླ་གཞོན་ཞིག །
ལྗོངས་འདིར་ཤར་བ་ཕྱག་ན་པད་དཀར་ཅན། །ལྷ་གཅིག་གངས་རིའི་མགོན་པོས་དགེ་ལེགས་སྩོལ། །


ཆོས་ནོར་འདོད་དང་ཐར་པ་སྡེ་བཞི་ཡི། །ཕུན་ཚོགས་དཔལ་གྱིས་བརྒྱན་པ་སཱ་ལའི་ལྗོངས། །
དྲི་མེད་ཤེལ་དཀར་ལྷུན་པོའི་མུ་ཁྱུད་ཅན། །གདོང་དམར་དཔའ་བོ་དག་གི་ཕ་ཁྱིམ་ཡིན། །
དབྱར་གསུམ་སྔོ་ལྗངས་སྤང་ལ་མཛེས་སྡུག་བཀྲ །དགུན་གསུམ་ཁ་བ་དཀར་པོས་ཕྱོགས་ཀུན་མཛེས། །
སྟོན་གསུམ་འབྲུ་དྲུག་སྙེ་མ་གཡུར་དུ་ལྡེམ། །དཔྱིད་གསུམ་དྲོ་འཇམ་རླུང་བུ་ལྷོད་ཀྱིས་ལྡང་། །
མི་རྣམས་ཆུང་ངུའི་དུས་ནས་ཆོས་ལ་མོས། །བྱམས་དང་སྙིང་བརྩེའི་ཡོན་ཏན་ལྷན་སྐྱེས་མངའ། །
ཁྱོད་དང་ང་ཡི་ཕ་ཡུལ་གངས་རིའི་ལྗོངས། །སྙན་པའི་གྲགས་པ་འཛམ་གླིང་ཡངས་པོར་ཁྱབ། །
རིམ་གཉིས་ཏིང་འཛིན་འབྲས་བུ་མངོན་གྱུར་ནས། །སྣང་སྲིད་མངའ་དབང་བསྒྱུར་བའི་གྲུབ་རིག་རྣམས། །
མཁའ་ལྡིང་དབང་པོ་དབྱིངས་སུ་ཆས་པ་ལྟར། །རིགས་ལྔའི་ཞིང་ཁམས་རྩོལ་མེད་ཉུལ་མཁན་མང་། །
རང་བྱུང་རྩི་ཤིང་སྨན་སྣ་གཡུར་ཞ་ཞིང་། །རིན་ཆེན་ནོར་བུའི་གཏེར་ཁ་འབུམ་ཕྲག་བརྡལ། །
གཡང་ཕྱུགས་རྟ་ནོར་ལུག་གི་འཕེལ་ཁ་དར། །འཛམ་གླིང་ས་ཡི་ཡང་རྩེ་གངས་རིའི་ལྗོངས། །
ཆོས་འདུལ་བདུད་རྩིའི་ཐེག་པའི་དགོངས་དོན་བཞིན། །གཞི་གསུམ་ཉམས་སུ་བསྟར་བ་བཙུན་པའི་ཚོགས། །
ལི་ཁྲིའི་ཆུ་གཏེར་མཁའ་རུ་འཕྱོ་བ་བཞིན། །ཕྱོགས་ཀྱི་དད་ལྡན་སྐྱེ་བོའི་མིག་རྒྱན་ཡོད། །
ཡིད་ལ་འབབས་པའི་མཁའ་དབུགས་དྭངས་ཤིང་གཙང་། །ཉམས་སུ་འབབས་པའི་རང་བྱུང་སྐྱེད་ཚལ་མང་། །
ཤེས་ལྡན་ཡོངས་ཀྱི་སེམས་པ་དབང་མེད་འཕྲོག །ངོ་མཚར་སྟོང་གི་འབྱུང་གནས་གངས་རིའི་ལྗོངས། །
ཤེས་བྱ་རྒྱ་མཚོའི་སྙིང་བཅུད་མ་ལུས་པ། །ལྷག་མེད་ཧུབ་ཀྱིས་བཞེས་པའི་མཁས་དབང་ཚོགས། །
སྟོན་མཚན་མཁའ་ཡི་རྒྱུ་སྐར་གྲངས་ལ་འཁུ། །དྲན་དབང་འབུམ་གྱི་འབྱུང་གནས་གངས་རིའི་ལྗོངས། །
གནའ་དེང་ངོ་མཚར་རིག་པའི་གླིང་ག་ནས། །ཤེས་རིག་ནོར་བུའི་རྒྱན་ཆ་ཉེར་བླངས་ཏེ། །
འདི་དང་ཕྱི་མའི་ཕན་བདེ་ལེགས་པར་བསྐྲུན། །ཞིང་འདི་དགེ་མཚན་སྟོང་གི་དཔལ་དུ་གྲུབ། །
 རྩོམ་པ་པོ། སྨན་ཆར། བླ་རུང་།