ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཆོས་རྗེ་བླ་མའི་རྗེས་དྲན་ལྷོ་སྤྲིན་ནག་པོའི་བཞུར་རྒྱུན།

ཤེས་བྱའི་ཆོས་ཀུན་མཁྱེན་པའི་འཇམ་དབྱངས་དངོས། །མ་ལུས་འགྲོ་བ་ཀུན་གྱི་དེད་དཔོན་ཏེ། །
ཆོས་ཀྱི་རྒྱལ་པོ་མཐོང་བ་དོན་ལྡན་ཉིད། །སྤྱི་གཙུག་པད་མའི་རྒྱན་ཏུ་རྟག་རོལ་གསོལ། །


མི་འཇིགས་སེང་གེའི་ཁྲི་ལ་དབང་འབྱོར་པས། །ལྔ་བདོས་རྒུད་པ་མིང་གི་ལྷག་མར་བྱས། །
འདོད་དོན་དགེ་ལེགས་ཕུན་ཚོགས་འབྱུང་བའི་གནས། །ཨ་ཛི་ཏ་ཡི་སྲས་པོ་ཁྱེད་མིན་སུ། །
རབ་མཛེས་ཡུལ་ལྗོངས་གསེར་གྱི་མཚན་ཅན་ཏུ། །ཁྱེད་སྐུ་གསེར་གྱི་པད་མོ་བཞད་ན་ཡང་། །
གློ་བུར་སད་ཀྱི་རྐྱེེན་དབང་རབ་བཙན་པས། །དགོངས་པ་གཞན་དུ་ཆས་པས་སྐྱོ་བའི་གནས། །
མཛེས་མཛེས་བཀྲ་བའི་རྣམ་པ་མང་ན་ཡང་། །སྐྱབས་རྗེ་བླ་མ་དྲན་པའི་སྐྱོ་གདུང་གིས། །
སྐྱབས་མེད་ས་མཐའི་ཡུལ་གྱི་སྤྲང་འཁྱམ་ལ། །སྐྱིད་པའི་སྣང་བ་འཆར་བ་རབ་ཏུ་དབེན། །