ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ང་དང་བྱ་ཆེན་མཉམ་རྒྱུག།

ང་དང་བྱ་ཆེན་མཉམ་རྒྱུག།

ཤར་མི་ཉགཔ། རྒྱལ་འཕགས་ཀུ་ལུ་ཀུན་བཟང་ནས།

ཀ་ཡེ་གྲོང་གི་གཏོ་དང་གཏོར་མ།། ཁ་ཏ་རོག་ཆུང་ང་གཉིས་སུ་མགྱོགས་ཡིན།། ག་ནས་མི་རོ་རྟ་རོ་བྱུང་བ་ན།། ང་དང་བྱ་ཆེན་རྒོད་པོ་མཉམ་རྒྱུག་ཡིན།།

ཅ་ཅོའི་སྒྲ་དང་སྒྲ་རྗེས་ཆོ་ག་ལ།། ཆ་མེད་བྱིས་པ་ང་གཉིས་མཉམ་འུར་ཡིན།། ཇ་ཆང་དཀོར་དང་ལྕགས་ཀྱུའི་ཁམ་ཟས་ལ།། ཉ་དང་ང་གཉིས་ཁ་མགྱོགས་སུ་ཆེ་ཡིན།། ཏ་ལར་འབྲས་བུ་སྨིན་ཚེ་བསོད་སྙོམ་པ།། ཐ་གྲུར་སྤྲང་པོ་ང་གཉིས་མཉམ་འགྲོ་ཡིན།། ད་གཟོད་ཆུ་འགྲམ་སྔོ་ཚེ་དཀར་བསོད་པ།། ན་བུན་སྨུག་པ་ང་གཉིས་མཉམ་རྒྱུག་ཡིན།། པ་སངས་སྐར་ཆེན་ཤར་ཚེ་ཆོས་པ་བ།། ཕ་ཀའི་དེ་ཕོ་ང་གཉིས་མཉམ་ལངས་ཡིན།། བ་མོ་རྐྱེན་ངན་བྱུང་ཚེ་ཐ་མལ་པ།། མ་སྨིན་འབྲས་བུ་ང་གཉིས་མཉམ་སྐམ་ཡིན།། ཙ་ལག་དགྲ་གཉེན་རྩོད་ཚེ་ཞལ་ལྕེ་བ།། ཚ་ཞང་ང་གཉིས་ཁོང་ཁྲོ་སུ་ཆེ་ཡིན།། ཛ་ལང་མི་འདུལ་མི་ལ་གཡོ་ཐབས་ཀྱིས།། ཝ་སྐྱེས་ང་གཉིས་རི་ལ་མཉམ་འདུག་ཡིན།། ཞ་གོས་ཟས་ནོར་ཕྱིར་དུ་གཡོ་སྒྱུ་ལ།། ཟ་འདོད་རྐུན་མ་ང་གཉིས་སུ་མཁས་ཡིན།། འ་འུར་ཀུན་གྱིས་བཀུར་ན་ང་རྒྱལ་མགོ། ཡ་ཀའི་དཔོན་པོ་ང་གཉིས་སུ་མཐོ་ཡིན།། ར་ལུག་དུད་འགྲོའི་སྲོག་ལ་རྒོལ་བ་ལ།། ལ་ཐོག་སྤྱང་ཀི་ང་གཉིས་སུ་མྱུར་ཡིན།། ཤ་ཆང་ཟས་ཕྱིར་གྲོང་དགུ་བསྐོར་བའི་ཚེ།། ས་མཐའི་སྤྲང་པོ་ང་གཉིས་གང་མུག་ཡིན།། ཧ་ཅང་ཟས་ནོར་གསོགས་སྲུང་བསྲི་བ་ལ།། ཨ་མ་ང་གཉིས་སེར་སྣ་གང་ཆེ་ཡིན།། ཧ་ཧ་རང་མཚང་ལྷུག་པོར་ངོམ་པ་ན།། ཨ་ཨ་བླ་མའི་མིང་དེ་གང་ལ་འདོགས།།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།