ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

གྲུབ་ཐོབ་འབྲུག་པ་ཀུན་ལེགས།

   ཡུལ་སྐྱིད་ཤོད་དུ་ཡབ་ནང་སོ་རིན་ཆེན་བཟང་པོ་དང་།    ཡུམ་དཔོན་མོ་མགོན་སྐྱིད་གཉིས་སུ་རབ་བྱུང་བརྒྱད་པའི་ཤིང་ཕག་༡༤༥༥ལོར་འཁྲུངས།  

  མཚན་ཚེ་དབང་རྒྱལ་པོར་གསོལ།    གནས་རྙིང་དགོན་དུ་གནས་རྙིང་ཆོས་རྗེའི་དྲུང་དུ་རབ་ཏུ་འབྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས།   ཀུན་དགའ་ལེགས་པའི་དཔལ་འབྱོར་བཟང་པོ་ཞེས་མཚན་གསོལ།    ཞྭ་ལུ་རྗེ་མཁྱེན་རབ་ཀྱི་མདུན་དུ་དགེ་སློང་གི་སྡོམ་པ་བླངས།    ཕར་ཕྱིན་དང་འདུལ་བ། བརྟག་གཉིས་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན།    གནས་ངེས་མེད་དུ་ཕེབས།    སྐུ་ཆས་ཀྱང་སྐྱ་སེར་ཕོ་མོ་ངེས་མེད་ཀྱི་ཚུལ་མཛད།    དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་དགུ་པའི་ས་ཕོ་བྱི་བ་ལོར༡༥༢༨འདས་པ་ཡིན་ནམ་སྙམ་ཡང་།    རྣམ་ཐར་དུ་དུས་ལས་འདས་པ་གསལ་པོར་འཁོད་མེད།    སྐུ་འདས་རྗེས་སྲས་ཞིང་སྐྱོང་འབྲུག་གྲགས་ནས་གདུང་རུས་སྟོད་ལུང་ལམ་ཕར་དགོན་གྱི་དངུལ་གྱི་མཆོད་རྟེན་དུ་དྲངས་ནས་བཞུགས་སུ་གསོལ།    ཁོང་གི་གསུང་རྩོམ་ནི་མི་རྣམས་ཀྱི་ངག་ནས་བརྒྱུད་པ་དང་།    སྒེར་གྱི་ལག་ཏུ་ཐོར་བ་སོགས་མང་པོ་ཞིག་ཡོད་པ་གྲགས་ཀྱང་ཕྱོགས་བསྒྲིགས་བྱས་ནས་པར་དུ་བསྐྲུན་པའི་རིགས་ལ་ཆོས་ཚན་རྣམས་ཀ་ཁའི་གོ་རིམ་བསྒྲིགས་པའི་གླེགས་བམ་ཆེ་ལེགས་གཅིག་བཞུགས་ཡོད་དོ།   །

ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།