ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

མཁས་གྲུབ་དགེ་ལེགས་དཔལ་བཟང་།

       པན་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་།ཡུམ་རུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་མོ་གླང་གི༡༣༨༥ལོ་ལ

་ལ་སྟོད་བྱང་གི་ས་ཆར་སྐུ་བལྟམས།གཞོན་ནུ་ཉིད་ནས་བྱིས་པ་ཐ་མལ་པའི་སྤྱོད་པ་ལས་རིང་དུ་བསྲིངས་ཏེ་ངམ་རིང་དང་།ས་སྐྱ་སོགས་སུ་ཕེབས་ནས་སྡེ་སྣོད་འཛིན་པའི་མཁས་པ་མང་པོའི་དབུས་སུ་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་གསན་སྦྱོང་ཡང་དག་པར་མཛད།མཁྱེན་རང་ཐོགས་པ་མེད་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པས་མཁས་པ་རྣམས་ཀྱི་ཡིད་ཕྲོགས་ཏེ་སྙན་པའི་གྲགས་པ་ཐོབ།མཁས་གྲུབ་སེང་གེ་རྒྱལ་མཚན་བཟང་པོས་མཁན་པོ་དང་།རྒྱལ་བ་ཡོན་ཏན་འོད་ཀྱིས་སློབ་དཔོན་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་མཁས་གྲུབ་དགེ་ལེགས་དཔལ་བཟང་གསོལ།སྐབས་དེར་ངམ་རིང་དུ་བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་རིགས་གཏེར་ནང་འགལ་གྱི་ཕུང་པོ་འདི་ངས་དགག་པར་བྱེད་པ་ཡིན་པས་ཁྱེད་ས་སྐྱ་པ་རྣམས་གྲོས་གྱིས་ལ་ལན་ཐོབ་གསུངས་ནས་རིམ་བཞིན་བཀག་པས།དེ་དུས་ས་སྐྱ་པའི་དགེ་བཤེས་སུས་ཀྱང་ལན་མཛད་མ་ནུས་པ་ན།རྗེ་འདི་ཉིད་དགུང་ལོ་བཅུ་དྲུག་གི་སྐབས་ཡིན་ཡང་ངས་ལན་བྱེད་གསུངས་ནས་དངོས་སྟོབས་ཀྱི་རིགས་པ་དང་དྲི་མ་མེད་པའི་ལུང་གིས་བོ་དོང་པཎ་ཆེན་གྱི་རྒོལ་ལན་ནན་སྨིན་མཛད་དེ་རིམ་བཞིན་ཡི་གེར་བཀོད།བོ་དོང་པཎ་ཆེན་ཡང་ཐུགས་ཡིད་ཕྲོགས་ཏེ་བུང་བ་རྣམ་པར་རྩེན་པའི་རྒྱུད་མངས་ཞེས་བྱ་བའི་བསྟོད་པ་ཕུན་སུམ་ཚོགས་པ་ཞིག་ཀྱང་མཛད།ཤིང་ལུགས་ལོའི་སྨིན་དྲུག་ཟླ་བར་མཁས་དབང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་མཛད་དེ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས།ཁོང་གི་དྲུང་ནས་དབུ་ཚད།འདུལ་བ།མངོན་པ།ཕར་ཕྱིན་སོགས་དཀའ་ཆེན་རྣམས་ཀྱི་གཞི་བཤད་རྣམས་གསན།གཞན་ཡང་མཁས་གྲུབ་སེང་གེ་རྒྱལ་མཚན་སོགས་བླ་མ་མང་པོས་དཔལ་ལྡན་ས་སྐྱའི་རིང་ལུགས་ཀྱིས་གཙོ་བྱས་པའི་རིས་སུ་མ་ཆད་པའི་གྲུབ་མཐའ་ཀུན་གསན་སྦྱོང་མཛད།དེའི་ཚེ་རྗེ་ཙོང་ཁ་པ་ཆེན་པོའི་སྙན་པའི་གྲགས་པ་བོད་རྒྱ་ཧོར་གསུམ་དུ་ཁྱབ་པར་གསན་ནས།དགུང་ལོ་ཉེར་གསུམ་དུ་ཕེབས་སྐབས་རྗེ་བཙུན་རེད་མདའ་བ་ཆེན་པོས་མཚམས་སྦྱོར་མཛད་དེ།རྗེ་ཙོང་ཁ་པ་མཇལ་བར་དབུས་ལ་ཕེབས།སྐབས་དེར་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་དབྱར་གནས་མཛད་ནས་བཞུགས་ཡོད་པས་ཐོག་མར་དགེ་སློབ་ཞི་དུལ་ཅན་ཞིག་དང་མཇལ་བར་རྗེ་ཙོང་ཁ་པའི་གཟིམ་ཁང་གང་དུ་ཡོད་ཅེས་དྲི་བ་གནང་སྐབས།དགེ་སློང་དེས་ལན་མི་སྨྲ་བར་ནང་དུ་ཕྱིན་ནས་སྤོས་རིང་གཅིག་སྤར་ནས་བྱུང་སྟེ་གཟིམ་ཁང་སེར་པོའི་མདུན་དུ་སླེབས་པ་དང་།ཕྱག་གསུམ་འཚལ་ནས་ལག་གཉིས་ཀྱིས་སྤོས་རིང་བཟུང་སྟེ་བདག་ཉིད་མཁན་པོ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་བཞུགས་པའི་གཙུག་ལག་ཁང་འདིའོ་ཞེས་སྤོས་རིང་བཙུགས་པ་དང་།འདུལ་བ་ནས་བཤད་པའི་དགེ་སློང་གི་རྟགས་ཆ་ལུགས་རྣམས་ལེགས་པར་ཚང་བ་སྤྱོད་ལམ་དུལ་བ་ཞིག་ཡོད་པར་གཟིགས་པ་དང་བདག་ཉིད་ན་བཟའ་ཕུ་ཐུང་ཅན་བཞེས་པ་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་ཞིང་།སྔར་མཁས་པ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་སྟོབས་ཀྱི་ཐུགས་ང་རྒྱལ་བའི་རྣམ་པ་ཅན་ཡོད་པས་ཐུགས་ལ་འཚེར་བ་འཁྲུངས་ཏེ་དཔའ་ཞུམ་པར་མཛད།དེ་ནས་རྗེ་ཙོང་ཁ་པ་མཇལ་མ་ཐག་ཐུགས་ལ་དད་པ་ལྷག་པར་འཁྲུངས།ཙོང་ཁ་པའི་དྲུང་ནས་མདོ་སྔགས་ཀྱི་དབང་ལུང་དང་།མཚན་ཉིད་ཀྱི་ཆོས་བཀའ་མང་པོ་གསན་ནས་ཙོང་ཁ་པའི་སློབ་མའི་གཙོ་བོར་གྱུར་པར་མ་ཟད།རྒྱལ་ཚབ་དར་མ་རིན་ཆེན།འདུལ་འཛིན་གྲགས་པ་རྒྱལ་མཚན།རྟོགས་ལྡན་འཇམ་དཀར་བ།རྗེ་འཇམ་དབྱངས་རྒྱ་མཚོ་རྣམས་ལས་ཀྱང་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན།དེ་ནས་ཤར་རྒྱལ་མཁར་རྩེ་པ་ཆོས་རྒྱལ་རབ་བརྟན་ཀུན་བཟང་པས་སྤྱིན་བདག་མཛད་དེ་མཆོད་ཡོན་གཉིས་ཀྱིས་ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་བཏབ་སྟེ་ནོར་བུ་དགའ་ལྡན་པ།རྒྱང་རོ་ལྷ་ཁང་པ།ཞི་གནས་པ།གྲང་མོ་ཆེ་བ།ལས་སྲུབ་པ།སེང་གེ་གོང་འོག་སོགས་དགེ་ལུགས་པའི་གྲྭ་ཚང་མང་པོ་བཙུགས།སྡེ་སྣོད་འཛིན་པ་རྣམས་མེ་ཏོག་ལ་བུང་བ་འཁོར་བ་བཞིན་དང་།གཙང་ཕྱོགས་སུ་རྗེ་ཙོང་ཁ་པའི་བསྟན་པ་གསལ་བའི་སྣང་བྱེད་ཉིད་དུ་གྱུར།དེ་སྐབས་འགྲོ་མགོན་ཆོས་རྒྱལ་དང་།གོང་མ་ཆེན་པོ་བཞིན་དུ་མཆོད་ཡོན་གཉིས་པོར་ལྷ་དང་བཅས་པས་ཤིས་པ་བརྗོད་པའི་གནས་སུ་གྱུར་ཀྱང་།བར་ཆད་གྱི་རྣམ་པ་མངོན་པར་གྱུར་ཏེ་བདག་པོ་རབ་བརྟན་པས་མཁྱེན་བཞིན་དུ་ནཱ་ལེནྡྲ་ནས་ཀུན་མཁྱེན་རོང་པོ་གདན་དྲངས།རྩོད་པ་མཛད་པར་དྲིལ་བསྒྲགས།རྗེ་འདིས་ཀྱང་ཞལ་གྱིས་བཞེས།དེ་ལྟ་བུའི་གཏམ་ཕྱོགས་ཀུན་ཏུ་གྲགས་པ་ལས།དབུས་གཙང་གི་མཁས་པ་མང་པོ་དཔང་བོར་ལྷགས།བཀའ་བསྟན་བཅོས་མང་པོ་དཔང་པོར་བཙུགས་ཏེ་ཚེས་གྲངས་དུས་བཏབ་པའི་ཚེ།བདག་པོ་རབ་བརྟན་པ་དང་།རོང་སྟོན་ཤཱཀྱ་རྒྱལ་མཚན་པ་གཉིས་ཐུགས་འགྱུར་ནས་འབྱོལ་ཐབས་མཛད་པ་ན།འཇིགས་མེད་སྨྲ་བའི་སེང་གེ་མཁས་གྲུབ་ཆེན་པོས་ལེགས་བཤད་ཀྱི་སྒོ་ནས་བསྐུལ་ཏེ་ཟབ་དང་རྒྱ་ཆེའི་གསུང་རབ་ལ་བརྟེན་ནས་རོང་སྟོན་འཁོར་བཅས་རང་བཞིན་གྱིས་དཔའ་ཞུམ་པར་མཛད།འོན་ཀྱང་བདག་པོ་རབ་བརྟན་པའི་སྒོ་གསུམ་གྱི་རྣམ་འགྱུར་རྣམས་ལེགས་བཤད་དངོས་སུ་འདོམས་པའི་ཡུལ་མིན་པར་དགོངས་ནས་དབེན་གནས་རི་བོ་མདང་ཆེན་ཉིད་དུ་ཕྱག་ཕེབས་ཏེ་ཐུགས་དམ་ཉག་གཅིག་ཏུ་གཞོལ་བར་མཛད།དེའི་ཚེ་བདག་པོ་རབ་བརྟན་པས་རྗེ་ཉིད་ཕྱོགས་གཞན་དུ་ཕེབས་པར་དོགས་ནས་ཉེ་གནས་སོགས་ལ་ལྐོག་ཏུ་གསེར་གྱི་བྱ་དགའ་སྟེར་བ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཚུར་ཕེབས་ཨེ་ཐུབ་གཟིགས་ཀྱང་མ་ཕེབས།གནས་དེར་གསུང་ཆོས་ཀྱང་མང་དུ་བརྩམས།
       
དགུང་ལོ་ཞེ་དྲུག་ཏུ་ཕེབས་པ་ལྕགས་མོ་ཕག་གི་ལོ་ལ་རྒྱལ་ཚབ་དར་མ་རིན་ཆེན་གནས་རྙིང་དུ་ཕེབས་སྐབས་མཇལ་བར་ཕེབས་ཏེ་ལྷན་རྒྱས་སུ་དབུས་ལ་གདན་བཏེགསྐྱིད་ཤོད་དུ་བྱོན།ཆོས་རྒྱལ་དབོན་པོ་སྐུ་མཆེད་ཀྱིས་རྗེ་ཙོང་ཁ་པ་དང་།རྒྱལ་ཚབ་རྗེ་གཉིས་ལ་གུས་འདུད་བྱེད་པ་ཇི་ལྟ་བཞིན་དུ་རྗེ་འདི་ལའང་གུས་པ་ཆེན་པོས་ཞབས་སྤྱི་བོར་བླངས།འབྲས་སྤུངས་དང་སེ་རར་ཕེབས་དུས་འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ཀྱིས་ངེད་དཔོན་སློབ་རྣམས་ཀྱིས་ཕྱག་བྱེད་དགོས་སམ་ཞུས་པས་འཇམ་དབྱངས་ཆོས་རྗེས་ཁྱེད་རྣམས་ཇི་ལྟར་མཛད་པ་ཡིན།ཁོ་བོ་ནི་ཞབས་སྤྱི་བོའི་གཙུག་ཏུ་ལེན་གསུངས།དེར་འབྲས་སྤུངས་ཀྱི་སློབ་དཔོན་ཐམས་ཅད་ཀྱིས་ཕེབས་བསུ་དང་།སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་བཞུགས་རིང་ལ་ཆོས་ཀྱི་བཀའ་མཆིད་ཀྱང་མང་དུ་མཛད།མཚུངས་མེད་གུང་རུ་བ་རྒྱལ་མཚན་བཟང་པོ་ཐོག་དྲངས་སེ་ར་བ་རྣམས་ཀྱིས་ཀྱང་དེ་བཞིན་མཛད།དེ་ནས་དགའ་ལྡན་དུ་ཕེབས།མཁས་མང་བྱེ་བ་ཕྲག་བརྒྱའི་གཙུག་རྒྱན་དུ་སྤྱན་དྲངས་ཏེ་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་པར་སྐྱོང་བའི་རྒྱལ་ཚབ་དམ་པར་མངའ་གསོལ་ཏེ་བསྟན་པའི་བདག་པོར་བཀུར།
       
རྗེ་འདི་ལ་དབུས་གཙང་ཁམས་གསུམ་གྱི་གདུལ་བྱ་རྣམས་ཉི་ཟེར་ལ་རྡུལ་བཞིན་འཁོར་བ་སོགས་ཁོང་གི་ཡོན་ཏན་དྲན་ནས་བདག་པོ་རབ་བརྟན་པ་ཡང་ཐུགས་འགྱོད་པ་ཆེན་པོ་སྐྱེས་པར་གྲགས།དབུས་གཙང་གི་བཤེས་གཉེན་ཕལ་ཆེ་བས་བླ་མ་འདི་ཉིད་ཀྱི་ཞབས་ལ་མ་གཏུགས་པའམ་མ་གུས་པ་མེད་ཅིང་སློབ་མའང་གྲངས་ཀྱི་མི་ཟིན།ཉིད་ཀྱི་སྐུ་གསུང་ཐུགས་ལས་འཁྲུངས་པའི་སྲས་ཀྱི་གཙོ་བོར་གྱུར་པ་ནི།ཆོས་རྗེ་བློ་གྲོས་ཆོས་སྐྱོང་།ཞྭ་ལུ་ལེགས་པ་རྒྱལ་མཚན།རྗེ་ཤེས་རབ་སེང་གེམཁན་ཆེན་བསོད་ནམས་མཆོག་གྲུབ།ཀུན་མཁྱེན་འཕགས་པ་འོད།གསང་སྔགས་མཁས་པ་ཆོས་ལྡན་རབ་འབྱོར།རྗེ་རང་གི་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན།ལྷའི་བཙུན་པ་རིན་ཆེན་རྒྱ་མཚོ་བློ་གྲོས།སྤྱན་སྔ་བ་བློ་གྲོས་རྒྱལ་མཚན།ཚ་ཁོ་བ་ཆོས་ཀྱི་གྲགས་པ།ཆོས་རྗེ་དོན་གྲུབ་དཔལ་བ།ཞང་ཞུང་ཆོས་དབང་གྲགས་པ།གནས་བརྟན་ཆོས་སྐྱོང་བ་སོགས་མཁས་དབང་མང་པོ་བྱུང་།རི་བོ་དགའ་ལྡན་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་པ་དང་།རྗེ་བླ་མའི་དངུལ་གདུང་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་ཐངས་ཀྱི་རྒྱ་ཕིབས་བཞེངས་པ།རྒྱལ་ཚབ་རིན་པོ་ཆེའི་སྐུ་གདུང་པོ་ཏ་ལ་ནས་རི་བོ་དགའ་ལྡན་དུ་གདན་དྲངས་ཏེ།ཙོང་ཁ་པའི་དངུལ་གདུང་རིན་པོ་ཆེའི་གཞོགས་གཡས་སུ་བཞུགས་སུ་གསོལ་བ་སོགས་རྣམ་དཀར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་དུས་འདའ་བར་མཛད་ཅིང་།ཙོང་ཁ་པའི་གདན་སར་ཕེབས་ནས་ལོ་བརྒྱད་ཀྱི་རིང་འཆད་རྩོད་རྩོམ་གསུམ་ལ་བརྩོན་པར་མཛད་པ་སོགས་ལུང་རིགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བའི་གྲགས་པ་ཐོབ་སྟེ་དགུང་གྲངས་ལྔ་བཅུ་ང་བཞིར་སོན་པའི་རབ་བྱུང་བདུན་པའི་ས་རྟ༡༤༣༨ལོ་ལ་དགའ་ལྡན་དུ་ཞི་བར་གཤེགས།
       
ཁོང་གི་གསུང་ནི།ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་སོགས་རྣམ་ཐར་དང་།ཕར་ཕྱིན་རྣམ་བཤད།རྣམ་འགྲེལ་ཊཱི་ཀ་ཆེན་རིགས་པའི་རྒྱ་མཚོ་སོགས་མཚན་ཉིད་གཞུང་ལུགས།དེ་མིན་དབང་ལུང་ཁྲིད་གསུམ་གྱི་མན་ངགསྒྲུབ་ཐབས།བསྟོད་ཚོགས།ཆབ་ཤོག་སོགས་བསྟན་བཅོས་བདུན་ཅུ་སྐོར་ཡོད་པ་པོ་ཏི་བཅུ་གཉིས་སུ་བསྡུས་ཏེ་དགའ་ལྡན་དུ་ཤིང་པར་བརྐོས་པ་བཞིན་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཆ་ཚང་བ་བཞུགས་སོ།
       
མཁས་དབང་མི་ཉག་མགོན་པོས་1923-2008མཛད་པའི་༼གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།༽ལས་འདིར་དྲངས།མཁས་དབང་མི་ཉག་མགོན་པོས་1980-2008ལོའི་བར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་གི་ཕྱག་ལས་ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ་མཛད་།གསུང་རྩོམ་ལ་དཀར་ཆག་ཤེས་བྱའི་གཏེར་མཛོད་དང་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་སོགས་ཡོད།མཁས་དབང་མི་ཉག་མགོན་པོའིགསུང་རྩོམ་ཕྱོགས་བསྒྲིགས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནས་རྩོམ་སྒྲིག་བྱས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་ཏུ་བསྒྲུབས

ཤར་མི་ཉག་པ།  རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།