ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་མཁན་རིན་པོ་ཆེ་ར་ཧོར་ཟླ་བའི་འོད་ཟེར།

བོད་རབ་བྱུང་༡༦་པའི་ཆུ་ཁྱི་ལོ། སྤྱི་ལོ་༡༩༢༢ ལོར་མདོ་ཁམས་གཙར་ཐང་དུ་ཡབ་ཞིས་ཕྲུག་དང་མ་ཡུམ་གནམ་ལོ་གཉིས་སུ་སྐུ་བལྟམས། རིམ་གྱིས་སྐུ་ནར་སོན་ཏེ་དགུང་གྲངས་བརྒྱད་ཙམ་གྱིས་སྟེང་གཙང་ཐང་ར་ཧོར་དགོན་བཀྲ་ཤིས་ལུང་རིགས་འཆི་མེད་དགའ་ཚལ་དུ་ཆོས་ཞུགས་ཀྱིས་ དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་ར་ཧོར་བཤད་གྲྭར་ཞུགས་ཏེ་ར་ཧོར་མཁན་དགེ་མཆོག་དང་། མཁན་པོ་པདྨ་འགྱུར་མེད།

dazerམཁན་ཆེན་ཡོན་དགའ་སོགས་ལས་འདོན་དབྱངས་རོལ་མོ་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གནང་། ཁྱད་པར་གཡུ་ཁོག་བྱ་བྲལ་རིན་པོ་ཆེས་ཐུགས་དགོངས་བཞིན་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་མདུན་དུ་འཇམ་མགོན་མི་ཕམ་པའི་རང་ལུགས་རྩལ་འདོན་མཛད་པའི་ཞལ་ཁྲིད་ཁག་ལེགས་པར་གསན། དེ་བཞིན་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུ། རྫོགས་སྤྲུལ་དྲུག་པ། མ་ཎི་བླ་མ་པདྨ་སིདྡྷི། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ནས་མཁས་གྲུབ་དམ་པའི་སར་གཤེགས། ང་དགུའི་དུས་ཟིངས་སྐབས་ལྷོ་བྲག་བརྒྱུད་འཕགས་ཡུལ་ལ་ཞབས་སོར་བཀོད། ལོ་དེའི་ཕྱི་ལོར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་ཀ་སྦུག་ཏུ་གཏེར་མཛོད་དབང་ལུང་གནང་བ་གསན་ཏེ། རིམ་གྱིས་འཕགས་ཡུལ་གྱི་གནས་ཆེན་ཚང་མ་མཇལ་ཞིང་། འབྲས་ལྗོངས་རྒྱལ་སའི་སྔ་འགྱུར་མཐོ་སློབ་བཤད་གྲྭ་ནས་གདན་ཞུས་ལྟར་ལོ་གཉིས་རིང་འཆད་འཁྲིད་སྤེལ། དེ་ནས་འབྲུག་བུམ་ཐང་ཐར་བ་གླིང་དུ་རི་ཁྲོད་ཅིག་ཕྱག་བཏབ་གནང་བ་བཞིན་ལོ་མང་རིང་སྐུ་མཚམས་དམ་པོར་བཞུགས། ༸གོང་ས་མཆོག་གིས་མཚན་ཞབས་མཁན་པོར་གདན་ཞུས་ཕུལ་ཀྱང་མ་ཕེབས། གྲུབ་དབང་པདྨ་ནོར་བུའི་གདན་ཞུས་ལྟར་རྣམ་གྲོལ་གླིང་བཤད་གྲྭར་ཕེབས་ནས་ལོ་གཅིག་རིང་ཆོས་ཁྲིད་བཀའ་དྲིན་བསྐྱངས། ཁྱད་པར་ཁོང་དང་མཁན་ཆེན་བརྩོན་འགྲུས། ར་ཧོར་མཁན་པོ་ཐུབ་བསྟན། སྨེ་བ་མཁན་ཆེན་ཐུབ་བསྟན་རྣམ་གསུམ་གྱིས་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་ཡང་ཡང་བསྐུལ་སློང་གིས་རྫོགས་ཆེན་རིན་པོ་ཆེ་སྐུ་འཕྲེང་བདུན་པ་ངོས་འཛིན་སྐུ་བདག་དང་འབྲས་ལྗོངས་ན་བཞུགས་སྐབས་སྐུ་སྒེར་ནས་ཀློག་པའི་སློབ་དཔོན་གྱི་ཐུགས་ཁུར་རྒྱ་ཆེར་གནང་། དེ་ལྟར་འཕགས་ཡུལ་དུ་ལོ་སུམ་ཅུ་ཙམ་དུ་བཞུགས་རིང་རང་གཞན་དོན་གཉིས་མཐར་ཕྱིན་གནང་གྲུབ་ནས་ཕྱིར་བོད་ཡུལ་ལ་ཕེབས་སྐབས་སྔར་གྱི་མཆེད་གྲོགས་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། བྱ་བྲལ་བ་ཆོས་དབྱིངས་ཁྱབ་བརྡལ་རྣམ་གཉིས་མཇལ་འཕྲད་དུ་ཕེབས། རབ་བྱུང་༡༧ པའི་ས་འབྲུག་ལོར་བོད་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་འདུས་པ་རྣམས་ལ་ཐུན་མོང་ཐུན་གྱི་བཤད་ཁྲིད་རྒྱ་ཆེར་གནང་རྗེས་ཡིད་ལྷུང་ཚེ་འགྱུར་རི་ཁྲོད་དུ་སྒྲུབ་སྡེ་བཏབ་ནས་བཞུགས། དེར་འདུས་བུ་སློབ་རྣམས་ལ་ཉིན་ལྟར་ཆོས་ཁྲིད་དང་། ཡུལ་མི་རྣམས་ལ་ཟབ་ཆོས་ཀྱི་འབྲེལ་བས་རྣམ་གྲོལ་གྱི་ས་བོན་ཐེབས་པར་མཛད། དགུང་གྲངས་རེ་དགུ་བཞེས་པ་རབ་གནས་ལྕགས་རྟ་ལོར་སྙུན་གྱི་རྣམ་པས་རྒྱ་ནག་ཁྲི་འདུ་སྨན་ཁང་དུ་ཕེབས་པས་སྙུང་གཞི་ཅུང་དྭངས་ཚུལ་གནང་། ལོ་དེའི་ནག་ཟླའི་ཚེས་བཅོ་བརྒྱད་ཀྱི་དགུང་མོ་བསྐང་གསོལ་གྱི་མཇུག་ཏུ་གཤེགས་གསོལ་རྒྱས་པ་མཛད་ཅིང་བསྔོ་སྨོན་ཞལ་འདོན་ཟབ་རྒྱས་གནང་། ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར་གློ་བུར་དུ་སྐུ་ལུས་དྲངས་པོར་བསྲིང་ཏེ་ཞལ་ནས་ཕཊ་སྒྲ་དང་བཅས། རེ་ཞིག་ཞིང་འདིའི་འགྲོ་དོན་མཐའ་རུ་ཕྱིན་པའི་ཚུལ་གྱིས་ཞི་བར་གཤེགས།
གསུང་རྩོམ་ཁག གསུང་འབུམ་པོད་གཉིས་ལས་དང་པོར། དོན་རྣམ་ངེས་འགྲེལ་བ་དང་། གཞི་གསུམ་ཆོ་གའི་ཟིན་བྲིས། གཉིས་པ་ཆོས་སྤྱོད་ཕྱོགས་སྒྲིག་བཅས་བཞུགས། བུ་སློབ་མང་དུ་བཞུགས་ཀྱང་གཙོ་བོ་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། མཆོག་སྤྲུལ་པདྨ་རིག་རྩལ། གཡུ་ཁོག་ཤེས་བྱ་སོགས་བསྟན་དོན་སྒྲུབ་ནུས་ཀྱི་བུ་སློབ་མང་དུ་བསྐྱངས་བ་བཅས་སོ།། །།
ཤྲཱི་སེང་ལས་ཐོག་མཁན་པོ་ཤར་མི་ཉག་ལ་འཇམ་དཔལ་བསྟན་འཛིན།