ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་མཁན་པོ་རྩང་ར་ཧོར་ཐུབ་བསྟན་མཆོག

རྫོགས་ཆེན་མཁན་པོ་རྩང་ར་ཧོར་ཐུབ་བསྟན་མཆོག

ཐུབ་པ་ཆེན་པོའི་དགོངས་པའི་ཐུགས་ཀྱི་བཅུད། །བསྟན་འགྲོའི་རྒུད་པ་གསོ་བའི་མགོན་གཅིག་པུ། །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ཡི། །རྒྱ་མཚོའི་ནང་ནས་ཆུ་ཐིགས་ཉག་ཙམ་འབྲི། །
ཞེས་པའི་དམ་བཅའ་ཉུང་ངུས་མདུན་བསུས་ནས་ར་ཧོར་མཁན་པོ་ཐུབ་བསྟན་ནམ་ཡོངས་གྲགས་སུ་མཁན་པོ་སྒོ་ཐུབ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ ༡༩༢༤ ལོར་ས་ཁམས་ཕྱོགས་རྩང་གི་ཡུལ་གྲུར་ཡབ་སྒོ་འཛི་དགེ་མཆོག་དང་། ཡུམ་གནམ་བཟའ་སྐྱིད་རྣམ་གཉིས་ཀྱི་སྲས་སུ་དགེ་བའི་མཚན་མ་དུ་མ་དང་བཅས་དེ་སྐུ་འཁྲུངས།

སྐུ་ན་ཆུང་དུས་ནས་ཐུགས་རིག་གསལ་ཞིང་བྱམས་པའི་སེམས་དང་ལྡན་པས་དགེ་བའི་ལས་ལ་རང་བཞིན་ཤུགས་ཀྱིས་འབད་པ་བྱེད་མཁན་ཞིག་ཡིན། དགུངས་གྲངས་བཅོ་ལྔའི་ཐོག་ཙམ་ལ་རྩང་ར་ཧོར་དགོན་མདོ་སྔགས་བཤད་སྒྲུབ་བཀྲ་ཤིས་འཕེལ་རྒྱས་གླིང་དུ་སྐུ་མཆེད་སྒོ་འཛི་ཆོས་ལུའི་མདུན་ནས་ཀློག་བསླབ་པ་ཚེགས་མེད་དུ་མཁྱེན་པར་གྱུར། དགོན་པའི་དབུ་མཆོད་མཁས་པ་རྣམས་ཀྱི་མདུན་ནས་བཅའ་རྡུང་འབུད་གསུམ་དང་། འདོན་རྟ་དབྱངས་གསུམ་སོགས་ལ་མཁས་པར་སྦྱངས། ར་ཧོར་མཁན་ཆེན་པདྨ་འགྱུར་མེད་ཀྱི་མདུན་ནས་བྲིས་དང་རྩིས། ལྷ་སྐུ་འཇིམ་བཟོ་སོགས་ལ་བསླབ། གོས་རྩའི་བླ་མ་ལུང་རྟོགས་ཀྱི་མདུན་ནས་ཡང་རྩིས་ས་རིས་སོགས་ལ་མཁས་པར་སྦྱངས། དགུང་གྲངས་ཉི་ཤུའི་ཐོག་མདོ་མང་དགོན་དུ་ལྷ་ལུག་རྣ་ཐང་བའམ་དཔལ་ཤུལ་ཚེ་དབང་དར་རྒྱས་མཆོག་གི་མདུན་ནས་ལྷ་རིས་ཧོར་བྲིས་ལྟར་སྤྲོ་ནམ་མཁའ་རྒྱན་གྱི་དགོངས་པ་ཅི་བཞིན་སྦྱངས་བས་བཟོ་རིག་པ་ལ་མཁས་པར་གྱུར། དགུངས་གྲང་ཉེར་ལྔའི་ཐོག་རྗེ་འདི་བའི་ཕ་ཡབ་དང་། མཁན་པོ་ཟླ་ཟེར་གྱི་མ་ཡུམ་འདས་ནས་ཞེ་དགུའི་དགོངས་རྫོགས་ཚར་བ་ན་ཁོང་རྣམ་པ་གཉིས་རྫོགས་དགོན་དུ་གྲྭ་སར་ཕེབས་ནས། སྐབས་དེར་བཤད་གྲྭ་མང་དྲགས་པས་ཁོང་རྣམ་པ་གགཉིས་ཆོས་གྲྭར་མ་ཚུད། དེ་ནས་ཤྲཱི་སེང་ཧར་མཁན་པོ་ཟླ་ཟེར་བཞུགས་ནས་ཐོས་པ་སློབ་གཉེར་མཛད་པ་དང་། རྗེ་འདི་བས་འཚོ་བ་སོགས་ལ་མཐུན་རྐྱེན་འཚོལ་བ་སོགས་བ་དང་མཉམ་དུ་ཁོ་རང་གིས་ཀྱང་། ཐོས་པ་སློབ་གཉེར་ལ་ཉིན་མཚན་གཉིས་སུ་འབད་པ་ལྷོད་མེད་བྱས་པའི་སྐབས་དེར་རྫོགས་ཆེན་དགོན་པས་བསྒྲུབ་ཆེན་མང་པོ་འདོན་དགོས་པར་གྲྭ་བ་མང་པོ་བསྡུས་ནས་སྒྲུབ་ཁག་རྣམས་འཛུགས་པ་ལ་རྗེ་འདི་པ་མཁས་པ་ཡིན་པར་ཤེས་ནས་འགན་བཀལ་ན་སྔར་ཆོས་གྲྭར་མ་བཙུད་པའི་རྐྱེན་གྱིས་ས་བུད་ནས་བ་ཐུལ་མཁན་པོ་ཐུབ་དགའི་མདུན་དུ་སོང་ནས་ལོ་གསུམ་ལ་ཐོས་བསམ་ཚད་མེད་གནང་། དེ་ནས་དགེ་གོང་དགོན་དུ་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མའི་མདུན་དུ་ཕེབས་ནས་ནང་གྲྭ་དཀྱིས་མ་ཞིག་མཛད་ནས་བཞུགས། དེ་ནས་མཁན་པོའི་མིང་གི་ཅོད་པཎ་གྱིས་བརྒྱན་པ་མ་ཟད་དགོན་པའི་རྒན་པ་གཉིས་པར་གྱུར་པས་ལོ་མང་བཞུགས། སྐབས་དེར་སྤྲུལ་སྐུ་དངོས་པོ་ལགས་ལ་བྲིས་པའི་གུ་རུ། འོད་དཔག་མེད་ཀྱི་སྐུ་ཐང་དང་། ཙཀ་ལི་སོགས་ད་ལྟའང་དགེ་གོང་དགོན་པའི་རྟེན་སྒམ་དང་། སྤྲུལ་རིག་འཛིན་སོགས་ཀྱི་ཐུགས་དམ་གྱི་རྟེན་ཙིའུ་དམར་པོ་སོགས་མ་ཉམས་པར་བཞུགས། སྤྱི་ལོ ༡༩༥༧ ལོ་སྟེ། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་གསུམ་ལ་བོད་པ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་ཕྱི་མཛད་ནས་ར་ཧོར་མཁན་པོ་ཟླ་དང་མཉམ་དུ་སྐུ་འཁོར་རྣམས་དབུས་ཕྱོགས་སུ་ཆིབས་བསྒྱུར་གནང་། བྱང་ལམ་བར་མ་སོགས་བརྒྱུད་ནས་འབྲི་གོང་ཉི་མ་ལྕང་རའི་ཆོས་གྲྭ་རུ་བདུད་རྩི་ཆོས་ཀྱི་འཁོར་ལོ་བསྐོར། དེའི་ཕྱིར་ལོ་བོད་སྤྲུལ་མཆོག་གི་སྐུ་ཡུལ་དྭགས་པོར་ཕེབས་ནས་ཟླ་འགར་བཞུགས་པ་དང་། འབྲི་གོང་ཉི་མ་ལྕང་རར་མར་ཕེབས། ཆོས་ལུང་རི་ཁྲོད་དུ་ཀུན་སྤངས་ཀྱི་རྒྱལ་པོ་ར་ཧོར་ཆོས་གྲགས་དང་མཇལ། དེ་ནས་དབུས་ལྷ་ལྡན་དུ་ཕེབས་ཤིང་ཇོ་ཤཱཀ་ཟུང་ལ་རྟེན་མཇལ་དང་། གསེར་ཆབ་གསོལ་ཏེ་གདན་ས་སེ་འབྲསདགའ་གསུམ་ལ་མཇལ་ཕྱག་མཛད་ནས་ཕྱིར་ཕེབས། སྤྱི་ལོ ༡༩༥༩ ལོ་སྟེ་ས་ཕག་ལོར་བསྟན་འགྲོའི་བསོད་ནམས་རྒུད་པའི་དུས་འགྱུར་ལ་བརྟེན་རྗེ་འདི་པ་དང་། ར་ཧོར་མཁན་པོ་ཟླ་ཟེར། སྨེ་བ་མཁན་པོ་ཐུབ་བསྟན་བཅས་འཕགས་ཡུལ་དུ་ཕེབས། ཀ་ལང་བྷོང་ནས་ལོ་འགར་བཞུགས་ནས་བདུད་འཇོམ་རིན་པོ་ཆེའི་གསར་བཞེངས་མཛད་པའི་གཙུག་ལག་ཁང་གི་འགན་བཞེས་ནས་ལོ་འགར་བཞུགས་པ་ན་ས་ཆུ་མ་འཕྲོད་པའི་རྐྱེན་གྱིས་ནད་གཞི་ཞིག་ནས་བདུད་འཇོམ་གདུང་སྲས་མཆོག་གིས་མཐུན་རྐྱེན་སྦྱར་བ་དང་རོགས་རམ་འོག་དབྱིན་ཇི་རྒྱལ་ཁབ་དུ་སྨན་བཅོས་བྱེད་སར་སོང་བས་ལོ་འགར་བཞུགས་ཤིང་ནད་གཞི་སངས་དྲག་ཏུ་སོང་། ཁྱད་པར་སྐྱབས་རྗེ་རྡོ་གྲུབ་ཚང་ལ་ཁོང་དང་མཁན་ཟླ་ཟེར། སྨྲེ་བ་མཁན་པོ་ཐུབ་བསྟན། མཁན་པོ་བརྩོས་འགྲུས་གྲོས་བསྡུར་ཀྱིས་རྫོགས་ཆེན་རིན་པོ་ཆེ་ངོས་འཛིན་སྐོར་ཡང་ཡང་ཞུས་བསྐུལ་བཞིན། ངོས་འཛིན་གནང་ནས་ཁོང་གིས་ལོ་མང་རིང་ཡོངས་འཛིན་གནང་བ་དང་། འཇམ་དཔལ་རྗེས་གནང་ཀྱང་ཕུལ། དེ་ནས་བདུད་འཇོམ་རིན་པོ་ཆེའི་བླ་ཚབ་ཏུ་སེང་ག་ཕོ་དང་། སོའི་སུ། ཨ་རི་སོགས་ཀྱི་ནང་པའི་དགོན་པ་བདུན་ལྷག་ལ་བསྟན་བདག་བྱས་ནས་ལོ་མང་པོར་བཞུགས། མཐར་༸གོང་ས་ཆེན་པོེ་དང་བདུད་འཇོམ་རིན་པོ་ཆེ་སོགས་ལ་གནང་བ་ཞུས་ནས་ཨ་རིའི་རྒྱལ་ཁབ་ཏུ་ལོ་བརྒྱད་ལ་བཞུགས། སྤྱི་ལོ ༡༩༨༥ ལོར་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྤྱིན་བདག་མཛད་ནས་འགྲོ་གྲོན་མང་པོ་བཏང་། བདུད་འཇོམ་རིན་པོ་ཆེས་རྗེ་འདི་པ་ལ་ཞབས་བརྟན་གསོལ་འདེབས་སོགས་མཛད། སྤྱི་ལོ ༡༩༨༧ ལོའི་ཟླ་ ༠༨ པར་ཙ་རི་བ་ཀརྨ་རྒྱལ་མཚན་དང་མཉམ་དུ་ཐེངས་དང་པོར་རང་ཡུལ་ལ་ཕེབས། བོད་སྤྲུལ་སློབ་མ་ཀུན་སྤངས་ཀྱི་རྒྱལ་པོ་མི་ལ་གཉིས་པ་པ་མཁན་པོ་ཆོས་དབྱངས་ཁྱབ་བརྡལ་གྱི་མདུན་ལ་བྱོན་བཞུགས་ཀྱི་ལོ་རྒྱུས་སོགས་ཞུས་ནས་མཆེད་གྲོགས་གདོང་འཛོམ་པས་སྤྲོ་སྙིད་ཉིན་བདུན་ལ་མཛད། ཡང་སྤྱི་ལོ ༡༩༩༣ ལོའི་ཟླ་༠༥་པར་རང་ཡུལ་དུ་ཐེངས་གསུམ་པར་ཕེབས་ནས་ར་ཧོར་མདོ་སྤྲུལ་རིན་པོ་ཆེ་རང་ཡུལ་དུ་བྱོན་པ་དང་མཇལ། ལོ་དེར་ར་ཧོར་སྐུ་ཆེན་འཇམ་དབྱངས་གྲུབ་པའི་དབང་པོའི་གདུང་རྟེན་ལ་ནང་རྟེན་གཟུངས་གཞུག་ཆ་ཚང་ཕུལ། སྤྱི་ལོ ༡༩༩༦ ལོའི་ཟླ་༠༩ པར་ཐེངས་བཞི་པར་ཕེབས་ནས་བཟུང་རང་ཡུལ་དུ་རྒྱུན་བཞུགས་མཛད་པ་ར་ཧོར་དགོན་དུ་འཇམ་དབྱངས་ལྷ་ཁང་ངམ་སྔར་རྫ་མུ་ར་པདྨ་བདེ་ཆེན་བཟང་པོའི་སྐུ་གདུང་ཁང་བརྩེགས་མཆོད་རྟེན་གསར་བཞེངས་མཛད། སྤྱི་ལོ ༢༠༠༥ ལོའི་པར་རྡོར་སེམས་ལྷ་ཁང་གསར་བཞེངས་མཛད། གཞན་ལོ་བཅུ་བདུན་གྱི་རིང་ལོ་རེར་ཇོ་དར་འབུམ་ཐེར་འགའ་རེ་རྩང་གི་རྟ་རའི་ལ་ཁརབཏབ་པ་དང་། བསྙེན་གནས་དང་མ་ཎི། ས་ཏྭ། འོད་མཚན་དུང་སྒྲུབ་སོགས་ཆོས་ཚོགས་དང་། བདེ་ཆེན་ཞིང་དབང་། སངས་རྒྱས་སྟོང་དབང་སོགས་བཀའ་ལུང་དབང་གསུམ་གྱིས་གདུལ་བྱ་མང་པོ་ཐར་བའི་ལམ་ལ་བཀོད། དེ་ར་ཧོར་དགོན་པའི་གཙུག་ལག་ཁང་གསར་བཞེངས་གི་འགན་བཞེས་ནས་སྤྱི་ལོ ༢༠༡༡ ལོའི་ཟླ་༠༦་པར་རབ་གནས་མཛད། ཟླ་༠༧ཚེས་༠༤ དགུང་གྲངས་བརྒྱད་ཅུ་གྱ་བདུན་ཐོག་ཧོར་བྲག་འགོའི་རྫོང་ཐོག་ཏུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། སྐུ་གདུང་རྩང་ཐང་ངམ་ཁམས་ཀྱི་ཝ་སེང་བྲག་གི་གནས་འགྲམ་དུ་གདན་དྲངས་ནས་ཞུགས་འབུལ་མཛད་སྐབས་ངོ་མཚར་བའི་ལྟས་དུ་མ་དང་རིང་སྤྲེལ་མང་པོ་བྱུང་། མདོར་ན་ཨ་རི་སོགསརྒྱལ་ཁབ་མང་པོར་ཕེབས་ནས་དགོན་ཁག་བརྒྱད་དང་། རྡོར་ལྡན་དུས་དབང་སྦྱིན་བདག་སོགས་བྱས་ནས་དམངས་སྒོར་་ཁྲི་བཞི་བརྒྱ་ལྷག་གི་རྟེན་བཞེངས་དང་། དབུ་མཆོད་རྣམས་ལ་བཅའ་རྡུང་འབུད་གསུམ། འདོན་རྟ་དབྱངས་རོལ་སོགས་ཀྱིས་རྒྱུན་སྤེལ། ཁྱད་པར་དབང་ལུང་བཀའ་ཆོས་སོགས་ཀྱི་བཀའ་དྲིན་བླ་མེད་བསྐྱངས་ནས་བསྟན་འགྲོའི་རྒུད་པ་ཡོངས་སུ་གསོས་པ་ལགས་སོ།།

ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།