ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་དཔོན་སློབ་སྐུ་འཕྲེང་བདུན་པ།

བོད་རབ་བྱུང་བཅུ་དྲུག་པའི་རབ་རྒྱན་ཤིང་སྦྲུལ་ཟླ་ ༤ ཚེས་༢༥ སྤྱི་ལོ་༡༩༦༥ ལ་ཉིན་གྱི་དུས་སུ་ཡབ་ཀརྨ་པའི་ཕྱག་མཛོད་དམ་ཆོས་ཡོངས་འདུ་དང་། ཡུམ་ལེགས་བཤད་སྒྲོལ་མ་གཉིས་ཀྱི་སྲས་སུ་དགེ་བའི་ལྟས་བཟང་པོ་དང་བཅས་འབྲས་ལྗོངས་རུམ་གཏེག་ཏུ་འཁྲུངས།

 

རིགས་བདག་ཀརྨ་བཅུ་དྲུག་པས་ཡུམ་གྱི་ལྷུམས་སུ་མ་ཞུགས་གོང་ནས། ངའི་གཅུང་རྫོགས་ཆེན་དཔོན་སློབ་ཀྱི་ཡང་སྲིད་དུ་འཁྲུངས་རྒྱུ་ཡོད་ཚུལ་ཡབ་ཡུམ་དང་ཉེ་འབྲེས་ཞབས་འབྲེང་རྣམས་ལ་གསལ་པོར་གསུངས་ཏེ་ངོས་འཛིན་མཛད་པ་བཞིན། ༧གོང་ས་སྐྱབས་མགོན་བཅུ་བཞི་པ་མཆོག་ནས་ཀྱང་དཔོན་སློབ་ཡང་སྲིད་དུ་ངོས་འཛིན་དང་། གཙང་སྦྲ་གང་གཟབ་དགོས་ཚུལ་སོགས་ཐུགས་བརྩེས་རྗེས་འཛིན་མཛད། དགུང་ལོ་བཞི་བ་ལ། ཀརྨ་པ་མཆོག་གི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་གཙུག་ལག་ཁང་གི་དབུ་རྩེར་སྐྱབས་མགོན་རིགས་པའི་རྡོ་རྗེ་མཆོག་ནས་གཙུག་ཕུད་བཞེས་ཤིང་སྐྱབས་སྡོམ་ནོད། མཚན་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་གསོལ། ཁྱད་པར་རྫོགས་ཆེན་རིན་པོ་ཆེ་སོགས་ཀྱིས་ཀྱང་དེ་བཞིན་ངོས་ལེན་དང་གྲུབ་དབང་རྫོགས་ཆེན་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཀྱི་མཆོག་སྤྲུལ་རྣམ་གསུམ་གྱི་ཡ་གྱལ་དུ་བཞུགས་གསོལ་ཁྲི་འདོན་གནང་། དགུང་ལོ་དྲུག་པ་ནས་ཡི་གེ་དཀར་ནག་གི་འབྲི་ཀློག་ནས་བརྡ་དག་སོགས་སྦྱངས། དགུང་ལོ་བརྒྱད་པར་རྗེ་ཉིད་ཀྱི་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་འབུམ་དབང་ལུང་དང་། དགུང་ལོ་དགུ་བར་བྱུང་ཆུབ་སེམས་དཔའ་འགྲོ་བའི་མགོན་པོ་ཞེས་མཚན་དུ་གསོལ།དགུང་ལོ་བཅུ་བའི་སྟེང་ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དུ་གསོལ། བཀའ་བརྒྱུད་སྔགས་མཛོད་སོགས་ཟབ་ཆོས་མང་དུ་ཞུས། སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་ཞལ་སྔ་ནས་རིན་ཆེན་སྨིན་བྱེད་དང་། སློབ་དཔོན་བསྟན་དགའ་རིན་པོ་ཆེའི་མདུན་ནས་ཟབ་ཆོའ་དེའི་བཀླག་ལུང་ཞུས། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་སྙིང་ཐིག་སྐོར་གྱི་དབང་ལུང་དང་། ཡེ་ཤེས་བླ་མ་སོགས་ཟབ་ཆོས་མང་དུ་གསན་ཞིང་། དེ་ནས་རུམ་གཏེག་གི་ཀརྨ་ཤྲྭི་ནྭལེནྡྲའི་ཆེས་མཐོའི་སློབ་གྲྭར་མཆོག་གི་བཤེས་གཉེས་ཁྲ་སྤྲུལ་རིན་པོ་ཆེ་ལུང་རིགས་སྨྲ་བའི་སེང་གེའི་ཞལ་སྔ་ནས་སྤྱོད་འཇུག་རྩ་འགྲེལ་སོགས་དང་། མཁན་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་བློ་རིགས་དང་ཚད་རིགས་གཞུང་། མཁན་རིན་ཆེ་བརྒྱ་མཁར་ཆོས་པའི་མདུན་ནས་དབུ་མ་འཇུག་པའི་རྩ་འགྲེལ་འབྱེད་གཉིས་མི་ཕམ་འགྲེལ་སོགས་ཞུས་ཏེ་སླབ་གསུམ་གྱིས་བསྡུས་པའི་ཡོན་ཏན་ཡར་ཟླའི་དཔལ་བཞིན་གོང་འཕེལ་གྱིས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ཞབས་པད་བརྟན་བཞིན་པ་ལགས།

 ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་སྤེལ།