ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་སྐུ་ཞབས་དགེ་མང་སྐུ་རབས་བཞི་བ་མཆོག

རྫོགས་ཆེན་སྐུ་ཞབས་དགེ་མང་སྐུ་རབས་བཞི་པ་འཇིགས་མེད་ཀུན་བཟང་།
བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས། སྤྱི་ལོ་༡༩༧༥ ལོར་ ཡབ་འབར་ཆུང་དཔོན་མཐུ་སྟོབས་མགོན་པོ་དང་། ཡུམ་རིགས་བཟང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་བ་བཞིན། པདྨའི་རྒྱལ་ཚབ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་མི་ཉག་རྒྱལ་དབང་ཉི་མ་ནས་དགེ་མང་ཡང་སྲིད་ངོས་འཛིན་དགོས་ཚུལ་ཡང་ཡང་ཞུས་མཐར།

ངོས་འཛིན་རྡོ་རྗེའི་བཀའ་ལུང་བྱིན་ཆེན་དང་། མཚན་འཇིགས་མེད་ཀུན་བཟང་པདྨ་དབང་ཆེན་ཞེས་རྣམ་པར་བཀྲ་བའི་བརྟན་བཞུགས་གསོལ་འདེབས་བཅས་དགྱེས་བཞིན་ཕྱག་བསྟར་མ་ལས་རྟགས་ཅན་བཅས་གནང་བ། རྫོགས་ཆེན་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་དང་མཆོག་སྤྲུལ་སྐལ་བཟང་ལྷན་རྒྱས་ཀྱི་ཕྱག་ཏུ་ཕུལ་གནང་བ་ངོས་ལེན་གྱིས་གྲུབ་དབང་རྫོགས་ཆེན་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཀྱི་སྐུ་དབང་རྫོགས་ཆེན་མཆོག་སྤྲུལ་རྣམ་གསུམ་གྱི་ཡ་གྱལ་དུ་བཞུགས་གསོལ་དང་གསེར་ཁྲི་མངའ་གསོལ་ཡང་བྱས་འདུག་ལ།  དེ་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་འབྲུག་གི་ས་གནས་ཕུན་ཚོགས་གླིང་དུ་གཏེར་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་བཀའ་དྲིན་བསྩལ་སྐབས། རྒྱལ་དབང་ཉི་མ་ནས་གཟའ་ཚེས་དུས་བཟང་ཉིན་སྐྱབས་རྗེ་མཁྱེན་བརྩེའི་གཟིམས་ཆུང་དུ་ན་གཟའ་ཆ་ཚང་དང་རྟེན་གསུམ་སོགས་ཕུལ་ཏེ་ཞབས་པད་བརྟན་ཅིང་འབྱུང་འགྱུར་ལེགས་ཚོགས་ཡར་ཟླ་བཞིན་ཡོང་བའི་རེ་སྨོན་ཞུས། དེང་གི་ཆར་རྒྱ་བོད་འབྲུག ཐེ་ཝན། མ་ལེ་ཤིས་ཡ། སེང་ག་ཕོར། རྒྱ་ནག་སོགས་ཤར་ཨེ་ཤ་ཡ་དང་། ནུབ་ཨ་རི་སོགས་སུ་རང་ལུགས་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཕྱོགས་དུས་གང་སར་་ ཐུགས་བསྐྱེད་བཟང་པོས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་དུ་རང་ལུགས་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གིས་མཚོན་པའི་གསང་ཆེན་སྙིང་པོའི་བསྟན་པ་དྲི་མ་དང་བྲལ་བ་གཞིར་གཞེངས་སུ་སློང་བ་དང་། བསྟན་འགྲོ་རུ་སྨན་པའི་ཐུགས་བསྐྱེད་རྒྱ་ཆེན་པོ་དབྱར་གྱི་ཆུ་གཏེར་བཞིན་རྒྱས་ཏེ་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས་སུ་ཞབས་པད་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་བ་ལགས་ན། དེ་དེ་བཞིན་འགྲུབ་པར་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པས་དགྱེས་བརྩེས་གཟིགས་པ་ལས་གཡེལ་བ་མེད་པའི་མཐུན་འགྱུར་མཛད་པར་ཞུ།

 ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་སྤེལ།