ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན།

སྔ་འགྱུར་ལོ་ཙཱ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པའི་རྣལ་རོལ་ཚོགས་ཤུལ་བླ་མ་རིན་པོ་ཆེ་ནོར་བུ་བསྟན་འཛིན་མཆོག་ནི། མི་ཉག་རབ་སྒང་རིང་མོའི་ལྟེ་བ་ཤར་བཞག་བྲ་ལྷ་རྩེའི་མདུན་ཞོལ་དུ་ལྡོང་གི་རུས་སུ་གཏོགས་པ་ཚོགས་ཤུལ་དོན་འགྲུབ་དབང་རྒྱལ་གྱི་སྲས་སུ་མཚན་དཔེའི་གཟུགས་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོག་རྣམས་ཀྱི་དོན་ཡང་ཚེག་མེད་དུ་མཁྱེན་ཅིང་ཤེས་རབ་ཁྱད་དུ་འཕགས་པས་བླ་སྤྲུལ་སོགས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།

བཅོས་མ་མ་ཡིན་པའི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རང་ཤུགས་ཀྱིས་ལྡན་ཞིང་སྐུ་ཚེ་གང་བོར་དགྲ་གཉེན་རིས་སུ་བཅད་པའི་ཆགས་སྡང་གི་ཀུན་སྤྱོད་ཕྲན་བུའང་བྱེད་མ་མྱོང་བ་ཀུན་གྱི་ངག་རྒྱུན་ན་གསལ་བ་ལྟར་རོ། །དེ་ནས་ཞབས་ཟུང་གསེར་གྱི་འཁོར་ལོ་གྲུབ་དབང་རྫོགས་ཆེན་དུ་བསྐྱོད་ནས་རབ་ཏུ་བྱུང་ཞིང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་དཔལ་བཟང་པོ་མཆོག་དང༌། རྫ་དཔལ་སྤྲུལ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཆོག་གྱུར་བདེ་ཆེན་གླིང་པ་སོགས་བླ་མར་བཀུར་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཛད་ཅིང་དབང་ལུང་སོགས་བཀའ་གཏེར་ཐམས་ཅད་མ་ཐོབ་པ་མེད་པར་བྱས་པ་ནི། གསན་ཡིག་ལས་གསལ། དབུས་གཙང་དུ་ཕེབས་ནས་རྭ་སྒྲེང་དགེ་བཤེས་ངག་དབང་ཡེ་ཤེས་ཚུལ་ཁྲིམས་སོགས་ཀྱི་ཞབས་ལ་གཏུགས་ཤིང་ལྷག་པར་དུ་འབྲས་སྤུངས་སུ་མི་ཉག་ཁང་ཚན་ནས་མི་ལོ་དུ་མའི་རིང་ལ་བཀའ་པོད་ལྔའི་གཙོས་གཞུང་ལུགས་རབ་འབྱམས་ལ་སྦྱང་བ་རྒྱ་ཆེར་མཛད་ཅིང༌། རིགས་ལམ་ཕུལ་དུ་བྱུང་བའི་ཡང་རྩེར་སོན་ནས་མཁས་པའི་གྲགས་པས་གངས་ལྗོངས་མཐའ་དབུས་ཀུན་ཏུ་ཁྱབ་པར་གྱུར་ཏེ་དེར་རྩོད་པས་སྒྲོ་འདོགས་བཅད་པ་དང་འཆད་པས་རྗེས་སུ་བཟུང་བའི་ལེགས་མཛད་རྨད་དུ་བྱུང་བར་གྱུར་པས་ཀུན་གྱིས་བླ་མར་བཀུར། སླར་ཁམས་སུ་ཕེབས་ཏེ། ཀུན་གཟིགས་མི་ཕམ་རྒྱ་མཚོ་སོགས་དང་ལྷན་ཅིག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མདུན་ནས་ལྕེ་བཙུན་སྙིང་ཐིག་གི་ཁྲིད་མནོས་པས་མཚོན་ཟབ་རྒྱས་གདམས་པའི་བཅུད་ལ་རོལ་བས་ཐུགས་ཡིད་གཅྀག་འདྲེས་ཀྱི་ཆོས་མཆེད་དམ་པར་གྱུར་ཅིང༌། {བས་དེ་དག་ཏུ་གྲུབ་མཐའི་དཀའ་བའི་གནས་ལ་བརྩད་པས་ཕན་ཚུན་མཉེས་པར་བྱས་པའི་ཚུལ་མང༌། མི་ཉག་ཀོ་ཤུལ་ཀུན་བསོད་དང༌། ཐོག་མར་ཀློག་སྦྱངས་པ་ནས་གྲྭ་སར་ཕེབས་པ་དང་སྐུ་ཡུལ་མི་ཉག་ཏུ་བཞུགས་གདན་འཇགས་ཤིང་གདུལ་བྱ་སྐྱོང་བའི་སྐབས་རྣམས་སུ་མཛད་འཕྲིན་གྱི་འཇུག་པ་དཀར་པོ་གཅིག་གྲོགས་སུ་གཅིག་འཆར་བའི་ཚུལ་གྱིས་ཁམས་རབ་སྒང་གི་གཙོས་པའི་བསྟན་དང་འགྲོ་བའི་སྤྱི་དཔལ་ཆེན་པོར་བཞུགས་པས་ཀོ་ཚོགས་རྣམ་གཉིས་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའོ། །སྤྱིར་དགེ་བའི་བཤེས་གཉེན་གང་ཉིད་དམ་པའི་ཚུལ་དགུས་ཕྱུག་ཅིང་བཀའ་བབས་ཆེན་པོ་བཞི་སོགས་ཀྱི་ཆོས་ཚུལ་མ་ལུས་པ་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་དོ། །འཇམ་མགོན་མཁྱེན་ཀོང་རྣམ་གཉིས་དང་མཚུངས་པར་ཤིན་ཏུ་གསན་རྒྱ་ཆེ་བ་དང༌། རིས་མེད་ཀྱི་སྐྱེས་བུ་ཆེན་པོར་མཁས་རྨོངས་ཀུན་གྱིས་བཀུར་བ་ཞིག་གོ །ལྷ་ལུང་དཔལ་གྱི་རྡོ་རྗེས་ཐོག་མར་ཕྱག་བཏབ་མཛད་པའི་མཁས་བཙུན་གྲུབ་བརྙེས་ཀྱི་སྐྱེས་བུ་བར་མ་ཆད་པར་བྱོན་བཞུགས་ཀྱི་གནས། སྙན་ལམ་རི་ཁྲོད་ཅེས་པའི་རང་ཡུལ་དེར་གདན་སའི་མཐིལ་མཛད་ཅིང་བཞུགས་ནས་སྐལ་ལྡན་གྱི་གདུལ་བྱ་ཁྲི་ཕྲག་མང་པོ་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ནས། ཁམས་ཆབ་མདོ་མན་ཆད་
དུ་སླར་ཡང་ཕེབས་ཏེ་འགྲོ་ཕན་གྱིས་བསྐྱངས། ཚོགས་པ་ཁྲི་ཕྲག་མང་པོ་ལ་དབང་བསྐུར་བའི་ཚེ་བུམ་ཆུ་བུམ་པ་གང་གིས་འདངས་ཞིང་ཟད་པ་མེད་པར་བྱིན་གྱིས་བརླབས་ཚེ་མདའ་ཞིག་འཐེན་ནས་མཐོ་གང་ཙམ་ཇེ་རིང་དུ་བཏང་བ་ད་ལྟ་མཇལ་དུ་ཡོད་པ་སོགས་གྲུབ་པའི་རྟགས་ལ་དབང་འབྱོར་ཡང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་ཐུན་བཞིའི་ཉམས་ལེན་གྱི་སྒོ་ནས་སྐུ་ཚེ་འཁྱོལ་བར་མཛད་དོ། །ཁམས་དབུས་ཀུན་ནས་ཁོང་གི་ཞལ་སློབ་ཏུ་གྱུར་པ་མཐའ་དག་ནི་ཞུ་བའི་རྔོ་མི་ཐོག་ཀྱང༌། འགའ་ཞིག་ཙམ་ཞུ་ན། དགའ་ངག་དབང་ལེགས་པ། མདོ-རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། ཀཿ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཆབ་མདོ་ཞིང་འཕགས་གཉིས། དགའ་ལྡན་གསེར་ཁྲི་གནོན་པའི་མི་ཉག་ཁྲོ་བོ་དགེ་བཤེས། སྐྱིད་ལུང་སྐུ་ཞབས་དམ་པ་བློ་བཟང་སྐལ་ལྡན་རྒྱ་མཚོ། ཞེ་ཆེན་ཀོང་སྤྲུལ་མཁྱེན་ལྡན་ལེགས་པའི་བློ་གྲོས། སྡེ་དགེ་ས་སྐྱོང་གི་མདུན་དྲུང་པ་དབྱངས་ཅན་དགྱེས་པའི་ལེགས་བཤད། གསེར་ཁ་ཆོས་གྲགས། སྐུ་ནུབ་སྟག་སྤྲུལ་ལ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོ་དང་མི་ཉག་རྒྱལ་པོ་དང་སྡེ་དགེ་རྒྱལ་པོས་དབུ་བླར་བཀུར། གསུང་ཆོས་ལ་དབུ་མ་རིགས་ཚོགས་དྲུག་གི་འགྲེལ་བ་སྤྱི-དོན་དང་བཅས་པ་ཡོད་ཀྱང་འགྲེལ་བ་འདི་བཞི་ལས་གཞན་འཐོར་ཞིག་ལ་སོང༌། བྱམས་ཆོས་སྡེ་ལྔའི་འགྲེལ་བ་སོགས་གཞུང་འགྲེལ་ཕལ་ཆེ་བ་ཞིག་ཡོད་ངེས་ཀྱང་མི་སྙེད་ཅིང་ནུབ་སོང་བ་འདྲ། ཡི་གེ་དག་སྡེབ་སྐོར། ཐུགས་ཆེན་བརྒྱ་རྩ་དང༌། རིན་འབྱུང་བརྒྱ་རྩ། ཚེ་སྒྲུབ་བརྒྱ་རྩ། བཀའ་སྨོན་དང་བཀྲ་ཤིས་སོགས་ཆོག་འགྲིགས་སྐོར་མང༌། དབང་ཆོག་གི་ལྷན་ཐབས་དང༌། གཞན་ཡང་ཆོ་གའི་སྐོར་སོགས་བཞུགས་སོ། །མཐར་དགུང་གྲངས་བརྒྱད་ཅུར་ཕེབས་པ་ན་སེངྒེའི་ཉལ་སྟབས་ཀྱིས་མྱ་ངན་ལས་འདས་ཤིང་དེ་ཡང་གདུང་དང་རིང་བསྲེལ་འབྱུང་བ་དང་སྤྲིན་འཇའ་ཤར་བ་སོགས་སངས་རྒྱས་པའི་རྟགས་ཁྱད་པར་ཅན་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ཡིན་ནོ། །
མཚོ་སྔོན་བོད་ཡིག་ཟིན་བྲིས་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བཏུས།