ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས།

རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས།

རབ་བྱུང་གཅིག་གཉིས་པའི་ལྕགས་སྤྲེལ། སྤྱི་ལོ ༡༨༠༠ལོར་འཁྲུངས། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ལུང་གིས་ཟིན་ཅིང་། གྲུབ་དབང་བྱུང་ཆུབ་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ་མི་འགྱུར་ནམ་མཁའི་རྡོ་རྗེ། སེང་ཕྲུག་པདྨ་བཀྲིས། སྨིན་གླིང་ཁྲི་ཆེན་གཙོར་གྱུར་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལ་བསྟེན་ནས་གསན་བསམ་སྒྲོ་འདོགས་བཅད། སྟོད་ཀྱི་གངས་ཏི་སི་ནས་སྨད་རྒྱ་ནག་གླང་ཆེན་འགྱིང་རིའི་ཡན་གྱི་སྒྲུབ་གནས་རྣམས་སུ་སྒྲུབ་པ་ཉམས་སུ་བཞེས་པས་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། བླ་མས་ལུང་བསྟན་པ་བཞིན་དུ་དཔལ་གྱི་སེང་གེའི་ཆོས་གྲྭར་བཞུགས་ནས་བཤད་སྒྲུབ་ཀྱི་འཕྲིན་ལས་མཁའ་དང་མཉམ། ཁྱབ་པར་སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་དང་། པད་སྤྲུལ་པདྨ་དབང་རྒྱལ་ཟུང་གིས་རྗེས་སུ་བསྐུལ་བ་བཞིན། སྔ་འགྱུར་བཀའ་མའི་མཆོག་ཕྲིན་ཕལ་ཆེར་གྱི་གླེགས་བམ་དུ་བསྡུ་བར་མཛད་ནས་དཔར་དུ་བསྒྲུབས། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་དང་། སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་གྱིས་མདོ་སྨད་ཕལ་ཆེར་ཁྱབ་པ་ནི་དམ་པ་འདི་ཡབ་སྲས་ཀྱི་བཀའ་དྲིན་ལས་བྱུང་། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་འཇིགས་མེད་རྒྱལ་བའི་མྱུ་གུ། སེམས་པ་ཆེན་པོ་ཤྭནྟ་དེ་ཝ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་དཔལ་སྤྲུལ་ཨོ་རྒྱན་ཆོས་ཀྱི་དབང་པོ་དང་། ཀུན་མཁྱེན་གཉིས་བརྩེ་ཟློས་གར་སོགས་ལ་བསྩལ་བའི་རྒྱུན་ལས་ཐུགས་གཏེར་གྱི་འཕྲིན་ལས་ཀྱིས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཁྱབ་པར་གྱུར།

  ཞལ་སློབ་གཙོ་བོ་ཁག དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་བཛྲ། ཞེ་ཆེན་མཐུ་སྟོབས་རྣམ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད། སྨིན་ཁྲི་སངས་རྒྱས་ཀུན་དགའ། རྒྱལ་རོང་དབོན་སྤྲུལ། པད་གླིང་ཀུན་བཟང་བདེ་ཆེན། རྡོ་བྲག་རིག་འཛིན་ཆེན་མོ་སོགས་བགྲངས་ཀྱི་མི་ལང་པ་བྱུང་།

     གསུང་རྩོམ་ཁག གསང་སྙིང་སྤྱི་འབྲེལ། ཞི་ཁྲོའི་དཀའ་འགྲེལ། སུམ་རྟགས་འབྲུ་འགྲེལ་སོགས་ཐུན་མོང་ཐུན་གྱི་གནས་ཀུན་གསལ་བར་བྱེད་པའི་ལེགས་བཤད་དུ་མ་ལྗགས་རྩོམ་གནང་མཐར་དགུངས་གྲངས་༥༦་བཞེས་པ་རབ་བྱུང་༡༤་པའི་ཤིང་མོ་ཡོས་ལོ སྤྱི་ལོ ༡༨༥༥ ལོར་ཆོས་ཉིད་ཞི་བའི་དབྱིངས་སུ་སྐུ་གཤེགས་པར་གྱུར་ཏོ། 

རྫོགས་ཆེན་ཆོས་འབྱུང་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་ལས། 

ཤར་མི་ཉག་པ་། འཇམ་དཔལ་བསྟན་འཛིན་ནས་སྤེལ།