ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

རྫོགས་ཆེན་པ།

སྤྲུལ་བའི་ཆོས་རྒྱལ་གཏེར་སྟོན་རཏྣ་གླིང་བ།

སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པ་ནི། ཞིག་པོ་གླིང་དང་། འགྲོ་འདུལ་གླིང་། ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས།  མངའ་བདག་ཉང་དང་གུ་རུ་ཆོས་དབང་གི་ལུང་བསྟན་ནས་ཇི་ལྟར་གསུངས་པ་བཞིན་དུ།  ལྷོ་བྲག་གྲུ་ཤུལ་ཞེས་པའི་ཆར་ཡབ་ཕྱུག་པོ་མདོ་སྡེ་དར་དང་། ཡུམ་སྲི་ཐར་སྨན་ཞེས་པའི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་ལུག་ ༡༤༦༣ ལོ་སྐུ་འཁྲུངས། སྐུ་ན་ཆུང་དུས་ཀྱི་མཚན་ལ་རིན་ཆེན་དར་ཞེས་གསོལ། དགུང་ལོ་དྲུག་གི་དུས་ཡབ་ཀྱིས་ཡིག་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན་ཅིང་། ཡི་གེ་འབྲི་བ་སོགས་མ་བསླབས་པར་མཁས་པར་མཁྱེན། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འབའ་ཞིག་ཤར་ནས་མཚན་ལམ་དུ། པཎྜི་ཏ་དང་ཨ་ཙརྱ་འགས་དབང་བསྐུར་བ་དང་། ཆོས་འཆད་པ་དང་། སྐུ་གསུང་འགའི་རྟེན་ཤོག་སེར། པུ་ཏི་མང་པོ་དང་། རྡོ་རྗེ་དྲིལ་བུ་ལྷ་སྐུ་སོགས་རྙེད་པའི་མཚན་ལམ་ཡང་ཡང་དང་། དགུང་ལོ་བཅུ་གསུམ་དུ་རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་རྣམས་གསལ་པོར་དྲན།

གཞན་ཡང་སྔོན་སྦྱངས་ཀྱི་སྟོབས་ཀྱིས་བཟོ་དང་། གསོ་བ། སྒྲ། སྙན་ངག་སོགས་དང་ཐ་ན་གླུ་བྲོ་ཚུན་ལ་ཁྱད་དུ་མཁས་ཏེ། དེ་དག་ཀྱང་གཏེར་ལུང་ལས། ཤེས་བྱ་དང་ཡོན་ཏན་ནི་སྔོན་སྦྱངས་ཀྱི་ལས་སད་པས་མ་བསླབས་པར་རང་བྱུང་དུ་ཤེས་ནས་མཆི། ཤར་གྲོལ་གྱི་མཚང་རིག་པས་སྤྱོད་པའི་ཚུལ་མི་འཚོལ། ཤེས་རབ་ཀྱི་བློ་ཁ་བྱེ་བས་མདོ་སྔགས་ཀྱི་དོན་ལ་མཁས་པ། སྦྱངས་པ་སྔོན་དུ་སོང་བས་རྟོགས་པ་ཐོད་རྒལ་དུ་ཤར་བ། ཐབས་ཤེས་ཀྱི་རྩལ་རྒྱས་པས་གཅོད་བྱེད་ཀྱི་ལན་མི་ཟློག་པ། རིག་པ་ལ་དྲུང་ཐོན་པས་མཐུན་འཇུག་གི་སྤྱོད་པ་མི་མཁས་པ། གཏད་མེད་ཀྱི་ཉམས་ཤར་བས་གྱོང་ཚིག་རང་གར་སྨྲ་བ། ཐབས་ལྡན་གྱི་དཔའ་བོ་ཡིན་པས་རིགས་བཟང་གི་བུད་མེད་འདུ་བ། ཚངས་པའི་དབྱངས་མངའ་བས་གདུལ་བྱའི་ཡིད་འཕྲོག་པ། གཟུགས་དང་ལང་ཚོ་ལྡན་ཞིང་ཐམས་ཅད་ཆོ་རོལ་དུ་སྨྲ་བ། རྫུན་ཆེ་བརྟག་པར་དཀའ་ཞིང་གཞན་གྱིས་དགོངས་པ་མི་ལོན་པ། ངེས་མེད་ཀྱི་ཚུལ་སྤྱོད་ཅིང་གསང་སྤྱོད་ཉམས་སུ་ལེན། རྟགས་དང་ནུས་པ་ལྡན་ཡང་སྦས་ཚུལ་རྣལ་མར་སྤྱོད་པ་ཅིག་འབྱུང་། ཞེས་པ་ལྟར་བྱུང་ཞིང་། དགུང་ལོ་ཉེར་གཉིས་ནས་སྲིད་ཀྱི་བྱ་བ་མཛད་ཅིང་དགུང་ལོ་ཉེར་བདུན་བཞེས་པའི་མེ་བྱའི་ལོར། ན་ཁ་ཞིག་ན་ཅུང་ཟད་གཟིམས་ཤིང་མནལ་བའི་ཚེ། དབུ་སྔས་སུ་ཁམས་པའི་བྱ་བྲལ་བ་ཡིན་ཟེར་བའི་ཞྭ་དང་ན་བཟའ་ཐམས་ཅད་སེར་པོར་བྱས་པ་ཞིག་གིས། ཁྱོད་ཀྱི་ཡུལ་འདིར་རི་བོ་ཁྱུང་ཆེན་ལྡིང་བ་བྱ་བ་ཡོད་དམ་ཟེར། ཁྱུང་ཆེན་ལྡིང་བྱ་བ་མེད། བྲག་ཡ་གི་ལ་ཁྱུང་ཆེན་ཟེར་བ་ཡིན་བྱས་པས། འོ་ན་བྲག་འགག་བྱ་བ་ཡོད་དམ་ཟེར། ཡོད་བྱས་པས། དེ་ན་ཨོ་རྒྱན་པདྨའི་གཏེར་ཁ་ཟབ་མོ་ཞིག་ཡོད་པ་ཡིན། དེའི་ཁ་བྱང་ང་ལ་ཡོད་ཟེར་ནས་རས་ཁུག་ཅིག་གི་ནང་ནས་དར་ནག་པོས་དྲིལ་བའི་ཤོག་སེར་གསུམ་བསྟན་བྱུང་། གཟིགས་པས་རང་ཉིད་ཀྱི་ལུང་བསྟན་དུ་འདུག  དེ་ནས་ཁྱིམ་དུ་གདན་དྲངས་ནས་ཟས་སྣ་དང་ཆང་སོགས་དྲངས་ནས་ཐུགས་སྒྲུབ་གསང་འདུས་དང་། བླ་མའི་རྣལ་འབྱོར་གྱིས་ལུང་ཞུས། ཨོ་རྒྱན་དངོས་ཡིན་སྙམ་པ་བྱུང་གསུངས། རྣལ་འབྱོར་པ་དེས། ངའི་ཁ་བྱང་འདི་དང་ཁྱེད་རང་རྟེན་འབྲེལ་འགྲིག་པ་དུས་འཛོམས་པ་འདྲ། ཁྱོད་ཀྱི་གཏེར་འདོན་དུས་ལོ་གསུམ་ན་ཡོད་པས། དེའི་བར་དུ་འདི་འདྲ་ཡོད་ཀྱི་ཚིག་ཟུར་ཙམ་ཡང་མ་ཟགས་པར་གྱིས། ཐོག་ནས་ཀྱང་རང་ཉམས་སུ་ལེན་པ་མ་གཏོགས་གཞན་ལ་ཤིན་ཏུ་གསང་དགོས་པར་བཤད་པས། ཁྱོད་རང་ཁ་ལས་མ་འཛག་པར་གྱིས། བཏོན་ནས་གཏེར་ལུང་ལྟར་སྤྱོད། ང་ལ་གཏེར་གྱི་རྒྱུས་ཆེན་པོ་ཡོད་པ་ཡིན་གསང་སྒོ་འཚོལ་ན་བདུད་ཀྱི་སྒོ་ཉལ་བར་ཆད་ཡོད་པས། ང་དང་མ་འཕྲད་ན་དེ་ཚུག་མཛོད་སོགས་གསུངས། འབུལ་བ་དང་གསོལ་ཆས་སོགས་ཕུལ་ཀྱང་གང་ཡང་མ་བཞེས་པར་གཤེགས། དེར་རྣལ་འབྱོར་པ་དེ་སླར་བཙལ་ཡང་མ་རྙེད། དེར་གཏེར་གྱི་ཁ་བྱང་ཡིན་པར་ཤེས་ནས་རེ་ཞིག་གསང་རྒྱ་དགོས་པའི་དོན་གྱིས་ཁ་བྱང་རྣམས་གུ་རུའི་སྐུ་མཐོ་གང་པ་ཞིག་བཞེངས་ནས་དེའི་ནང་རྟེན་དུ་བཅུག རྗེ་ཉིད་སྤག་ཤི་བྲོ་བའི་ཚུལ་མཛད་ནས། གྲུ་ཤུལ་སྟོད་སྨད། གཉལ། ཡར་ལུང་། རྩེད་ཐང་རྣམས་སུ་ཕེབས། དེ་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་རྣམ་པ་ཞིག་གིས་ཟས་སྟེར་བའང་བྱུང་། དེ་ནས་ལྷ་ས་དང་བསམ་ཡས་ལ་སོགས་པར་ཕེབས། མཆིམས་ཕུར་སོང་གསུངས་པའི་མནལ་ལམ་བྱུང་། དེ་ནས་ཡུལ་དུ་སླེབས་ནས་ཁ་བྱང་ལས། །གནམ་ལོ་ཆུ་བྱི་གཏེར་སྟོན་སུམ་ཅུའི་ལོ། །སྤྲེལ་ཟླའི་ཚེས་བཅུ་སུརྱ་ཤར་མཚམས་སུ། །ཞེས་སོགས་གསུངས་པས་སྟོན་པ་མགོན་རྒྱལ་དང་བགྲོས་ནས། ཆུ་ཚན་དགོན་པར་བླ་མ་རྟོགས་ལྡན་ཡེ་ཤེས་བཟང་པོ་ཞེས་པ་གཏེར་སྟོན་ཉིད་ཀྱི་རྩ་བའི་བླ་མར་བཞུགས་པ་ཞིག་ཡོད་པ་དེར་ཁ་བྱང་གཟིགས་སུ་ཕུལ་ནས་ལོ་རྒྱུས་ཞུས་པས། བླ་མ་ཐུགས་མཉེས་ནས་ངོ་མཚར་ཆེ། ད་ཤིན་ཏུ་ནས་གསང་ཞིང་གཟབ་པ་དགོས་གསུངས། དེ་ནས་བ་ཇོ་སྟོན་པ་འདོན་རོགས་སུ་ཁྲིད་ནས་ཚེས་བཅུའི་ནུབ་གཏེར་རྟགས་བཙལ་ནས་ས་དམིགས་ནས་བརྐོས་པས་དངོས་སུ་རྡོ་ཆར་འབེབས་པ་བྱུང་། གུ་རུ་ལ་གསོལ་བ་བཏབ་པས་རྡོ་ཆར་ཆད་གཏེར་ཚེས་བཅོ་ལྔ་ལ་འདོན་དགོས་པའི་ལུང་བསྟན་བྱུང་བ་ལྟར་བཅོ་ལྔའི་ནམ་ལངས་ནས་ས་ཐིག་བཙལ་ནས་བརྐོས་པས་བསེའི་གའི་གའུ་སྨུག་པོ་ཞིག་བྱུང་། གཏེར་ཚབ་བཅུག་ནས་གཏེར་སྒྲོམ་ཞལ་ཕྱེས་ནས་ཤོག་སེར་ལ་རྟེན་འབྲེལ་བརྟགས་པས་སེམས་དཔའ་སུམ་བརྩེགས་བྱུང་སྟེ་རྟེན་འབྲེལ་ལེགས་པར་དགོངས། དེ་ནས་ལོ་གསུམ་བར་དུ་གསང་དམ་བྱས། དེ་ནས་ཆུ་ཚན་དགོན་པར་བླ་མ་རྟོགས་ལྡན་པར་གཟིགས་སུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ནས་རྩ་གསུམ་སྒྲུབ་སྐོར་གྱི་ལུང་ཡང་ཕུལ། སྒྲུབ་པ་མཛད་པས་རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །

གཞན་ཡང་འབྲི་ཐང་ཀོ་རོ་བྲག་ཏུ་ཕེབས་ནས་རྟ་ཕག་ཡབ་ཡུམ་སྒྲུབ་པ་དང་ཟུང་འཇུག་ཏུ་སྒྲུབ་པ་སོགས་ལས་ཚོགས་དང་བཅས་པ་དང་། བྲག་དམར་བཙན་མཁར་རི་མོ་ཅན་ནས་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་སྒྲུབ་སྐོར་རྣམས་སྤྱན་དྲངས། དགུང་ལོ་སོ་གཅིག་པ་ཆུ་གླང་ལོ་ལུག་ཟླའི་ཚེས་བཅུ་གཉིས་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་ཟབ་གཏེར་འདོན་པའི་དུས་སྐས་རིང་བཅུ་གསུམ་ཙམ་གྱི་དཔང་ཡོད་པའི་བྲག་རིར་བྱ་འཕུར་པ་ལྟར་སྐད་ཅིག་ལ་ཕེབས། གུ་རུ་རིན་པོ་ཆེ་དངོས་སུ་གཟིགས། རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་ཀྱང་མདུན་གྱི་ནམ་མཁར་ཡིག་བདུན་བསྐུལ་ཞིང་བཞུགས་པ་གཟིགས། དེ་ཉིན་ཚེ་ཆུ་རྙེད་ཅིང་དཔོན་སློབ་ཀུན་གྱིས་གསོལ། ཕྱིས་བྲག་དེར་ཆུ་རྗེས་ཀྱང་མི་འདུག  རྫ་ལ་བྱས་པའི་གཏེར་སྒྲོམ་ནས་ཕྱག་ཆེན་ཉི་མའི་སྙིང་པོའི་སྐོར་དང་། གདམས་པ་གཅེས་པ་རྣམ་བརྒྱད། དམ་རྫས་ཁྱད་འཕགས་སོགས་སྤྱན་དྲངས། དེ་ནུབ་ཉམས་སྣང་ལ་གུ་རུ་རིན་པོ་ཆེ་ཨ་ཙ་ར་གཞོན་ནུའི་ཆ་བྱད་ལ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ངོ་སྤྲོད་མཛད་པའི་དག་སྣང་བྱུང་། ཤིང་ཡོས་  ༡༤༨༣ ལོར་རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན་མཇལ་བར་ཕེབས་ནས་བཀའ་ཆོས་མང་དུ་གསན།  དགུང་ལོ་སོ་དྲུག་པ་ལ་ཆོས་རྗེ་རིན་པོ་ཆེ་ཟླ་བ་གྲགས་པ་དང་མཇལ་ཏེ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཞིང་རྫོགས་པ་ཆེན་པོའི་ཆོས་ཀ་མང་དུ་གསན། ས་ལུག་ ༡༤༩༩ ལོར་སྤྲུལ་པའི་མཁའ་འགྲོ་ལྔས་དར་གྱི་མདོ་ལི་ལ་སྤྱན་དྲངས་ནས་ཟངས་མདོག་དཔལ་གྱི་རི་བོར་ཕེབས་པའི་དག་སྣང་བྱུང་། ཨོ་རྒྱན་རིན་པོ་ཆེ་དང་མཇལ་བས་ཡན་ལག་བདུན་པ་དང་། གུ་རུ་རིན་པོ་ཆེ་རིག་འཛིན་དཔའ་བོ་ཌཱཀྐིའི་ཚོགས་དང་བཅས་པ་ལ་བསྟོད་པ་དོན་གསལ་སྒྲོན་མེ་མཛད། ནུབ་གཅིག་སྔགས་སྲུང་མ་སྨུག་ནག་ཞིང་དབྱུག་དང་སྙིང་འཛིན་པ་ཞིག་གིས་སྨན་རྩེར་བྱོན་པར་བསྐུལ་བས་དེར་ཕེབས་པར་དགོངས་སོ། །བུ་མོ་དར་གྱི་ཐོད་ཅན་ལྔས་ཨོ་རྒྱན་ཡབ་ཡུམ་ཡང་ལེ་ཤོད་དུ་ཕེབས་ཡོད་པས་དེར་གཤེགས་པར་ཞུས་པ་ལྟར་སྐད་ཅིག་ལ་བྱ་འཕུར་བ་བཞིན་དེར་ཕེབས། ཨོ་རྒྱན་རིན་པོ་ཆེ་པཎ་ཆེན་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ལ་འཁོར་ཌཱཀྐི་སྔགས་འཆང་རིག་འཛིན་གྲུབ་ཐོབ་པཎ་ཆེན་སོགས་ལས་ཅན་བཅུ་གསུམ་གྱིས་བསྐོར་ནས་བཞུགས་པ་དང་མཇལ། ཞབས་སྤྱི་བོར་བླངས་ཤིང་རྗེས་སུ་འཛིན་པར་གསོལ་བ་བཏབ་པས་མཐར་ཐུག་དོན་གྱི་ངོ་སྤྲོད་གནང་སྟེ་སྙན་བརྒྱུད་ཡང་ལེ་ཤོད་ལ་བྱ་བ་ཡོད། དེ་སྐབས་དཔལ་ཆེན་ཆུ་བོ་རིར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་གཏེར་རྫས་འབུལ་བར་མངགས་པས། གྲུབ་ཐོབ་ཆེན་པོས་གཏེར་རྫས་རྣམས་ཆུར་ཕོངས་ཤིག་གསུངས་ནས་དབང་མེད་དུ་གཙང་པོར་སྐྱུར་དུ་བཅུག ཕྱིར་ནང་ཙ་ན་གཏེར་རྫས་ཁྱེར་ཤོག་གསུངས། གཙང་པོར་འཕངས་ཚུལ་ཞུས་ཀྱང་མ་གསན་པར་ད་ལྟ་ཁྱེར་ཤོག་གསུངས་པ་ལྟར་ཕྱིན་པས་ཅི་ཡང་མ་ཉེས་པར་འཇའ་འོད་ཀྱི་དབུས་ན་འདུག་པ་བླངས་ནས་ཕུལ་བས་ཐུགས་མཉེས་ཏེ་གཏེར་སྟོན་ཟེར་བ་དེ་འདྲ་དགོས་པ་ཡིན། ངས་ཁྱེད་རྣམས་ཡིད་ཆེས་ཕྱིར་དེ་ལྟར་བྱས་པ་ཡིན་གསུངས། སླར་ཞུ་མཆིད་ཆེ་བརྗོད་སོགས་རྒྱ་ཆེ་མཛད་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་འཕན་ཡུལ་སྨན་རྩེར་ཕེབས། ཆོས་བདག་ལུང་ཟིན་རྣམས་ལ་གཏེར་ཆོས་སྨིན་གྲོལ་གནང་ནས་དོན་ལྡན་དུ་མཛད། ལྷོ་བྲག་ཁོན་མཐིང་བསམ་ཡས་བྱང་ཆུབ་ཆེན་པོ་དང་། གཉལ་སླད་དགེ་རི་བྲག  གུང་ཐང་མཁར། ནེ་རིང་སེང་གེ་རྫོང་སོགས་ནས་སྔ་ཕྱིར་གཏེར་ཁ་བསམ་གྱིས་མི་ཁྱབ་པ་བཞེས་ཏེ་ཁྱོན་དྲིལ་གཏེར་ཁ་ཆེན་པོ་ཉེར་ལྔ་སྤྱན་དྲངས། གཏེར་ལུང་ལས། སློབ་དཔོན་དོན་ལྡན་སྐྱེས་བུ་དེ། །སོ་བདུན་སྐེག་ལ་མ་འདས་ན། །གཏེར་ཁ་ཉི་ཤུ་རྩ་ལྔ་དབང། །ཞེས་སོགས་ཀྱི་སྐུ་ཚེའི་བར་ཆད་རྣམས་ལས་ཡོངས་སུ་གྲོལ།

གཏེར་སྟོན་རང་གི་ཞལ་ནས་ཀྱང་། མཐའ་ཡི་མིར་སྐྱེས་རིན་ཆེན་དཔལ་བཟང་ལ། །སྔོན་སྦྱངས་ལས་འཕྲོ་སྨོན་ལམ་དཀར་བའི་མཐུས། །མཐའ་དབུས་ཀུན་ནས་གཏེར་ཁ་ཉེར་ལྔ་ཕྱེ། །ཉམས་དང་རྨི་ལམ་བཟང་རྟོགས་ཙམ་དུ་ཡང་། །ཨོ་རྒྱན་རྗེ་དང་ལན་གྲངས་ཉེར་ལྔ་མཇལ། །དབང་དང་བསྙེན་བསྒྲུབ་དབྱངས་དང་ཕྱག་ལེན་སོགས། །རང་བཟོ་མ་ཡིན་གུ་རུའི་ཕྱག་ལེན་མཐོང། །བཀའ་གཏད་རྗེས་གནང་དབང་བཞིའི་ཆུ་བོ་བབ། །གཟུ་ལུམ་རང་བཟོ་རྣམས་དང་ཅུང་མི་འདྲ། །ཞེས་སོགས་གསུངས་སོ། །ཙ་རི་དང་ཀོང་པོར་ཕེབས་དགོས་པའི་མཁའ་འགྲོའི་བསྐུལ་མའང་བྱུང་། ཇོ་ཤཱཀ་རྣམ་གཉིས་ལ་མར་ཁལ་སྟོང་ཕྲག་ལ་སོགས་པའི་མཆོད་འབུལ་མཛད། དེ་ནས་གཉལ་སྟོད་སྨད་བརྒྱུད་ཆོས་ཀྱི་རྒྱལ་པོར་བསྐུར་ཏེ་གདན་འདྲེན་པར་ཕེབས་ནས་སྐྱེ་བདུན་སྨན་སྒྲུབ་སོགས་ཀྱི་འགྲོ་དོན་མཛད། ཙ་རིར་ཕེབས་འཆར་སྐབས་ཀོང་ཡུལ་སྤྱི་དང་ཙ་རིའི་གནས་སོགས་གཟིགས་སྣང་བྱུང་བ་དང་། ཕྱིས་དངོས་སུ་ཕེབས་སྐབས་དང་ཁྱད་པར་ཅུང་ཟད་ཀྱང་མ་བྱུང་། སྔར་མཚན་ལམ་དུ་བསྐུལ་མ་གནང་མཁན་ཌཱཀྐི་བདུན་པོ་དེ་དག་ཕྱིས་ཀོང་པོར་ཕེབས་དུས་དངོས་སུ་མཇལ། དེ་ཡང་གཏེར་ལུང་ལས། ཁྱུང་ཆེན་རི་དང་མཁར་ཆུའི་ཟབ་གཏེར་འདོན། །གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན། །གུང་ཐང་དགེ་རི་རྫོང་གསུམ་གཏེར་ཁ་འདོན། །གསང་བའི་མཚན་ཡང་རཏྣ་གླིང་པར་གྲགས། །བསམ་ཡས་གནས་སྐས་བུམ་ཐང་གཏེར་ཁ་འདོན། །གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས། །ཞེས་གསུངས་པ་ལྟར། སྐུ་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་པ་སྟེ། རྟེན་འབྲེལ་རབ་དང་མཆོག་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཚེ་འདི་ཉིད་ལ་བཏོན་པ་ཡིན་ཞེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་གསུངས་སོ། །

  གཞན་ཡང་ཕུར་སྒྲུབ་ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་སྒྲུབ་ཆེན་སོགས་ཀྱིས་འགྲོ་དོན་སྐྱོང་སྐབས་སོགས་སྐལ་ལྡན་རྣམས་ལ་བསྩལ་བའི་དུས་དང་གཏེར་གདན་དྲངས་པའི་དུས་སོགས་ལ་སྐུ་ལུས་མི་སྣང་བ་དང་། རི་བྲག་ལ་ཟང་ཐལ་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་དང་། ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་དང་ངོ་མཚར་བའི་ལྟས་ཀྱི་རྣམ་གྲངས་འཇའ་ཚོན་སྣ་ཚོགས་ཀྱི་དྲ་བར་འབྲེལ་བ་དང་། མེ་ཏོག་ཁ་དོག་སྣ་ཚོགས་ལག་པས་བཟུང་དུ་བཏུབ་པའི་ཆར་དང་། སྤོས་དང་སྨན་གྱི་དྲིས་རྒྱང་རིང་ཚུན་ལ་ཁྱབ་པ་སོགས་བྱུང་བ་ནི་རེ་རེ་ནས་བརྗོད་ཀྱིས་མི་ལངས་ཏེ་མཐའ་ཡས་སོ། དབང་དང་སྒྲུབ་ཆེན་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་འོང་མ་མྱོང་གསུངས་ཏེ། ངོ་མཚར་ཡ་མཚན་སྒྲུབ་རྟགས་ལས། །བར་ཆད་ཕྲ་མོའང་འོང་མ་མྱོང། །ཞེས་གསུངས་པ་ལྟར་རོ།།

གསུང་གི་ལེགས་བཤད་སྐོར་ལ་གསུང་མགུར་དང་། རྩོད་བཟློག ཆོས་འབྱུང་། དབང་ཁྲིད་ཞལ་གདམས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། བརྒྱུད་འཛིན་སློབ་མའི་ཚོགས་ཀྱང་། ཐུགས་སྲས་སྙིང་གི་བུ་བཞི། ཉེ་བའི་བུ་བཞི། མཆོག་གི་བུ་ལྔ། དཀྱིལ་འཁོར་འཛིན་པའི་བུ་བརྒྱད། ཆོས་བདག་ཉི་ཤུ་རྩ་ལྔ། བཀའ་ལུང་རྫོགས་པ་བརྒྱ་དང་བརྒྱད། ཆོས་ཀྱིས་འབྲེལ་བ་ཁྲི་ཕྲག་ལྔ། ཕྲ་མོའི་རིགས་ནམ་མཁའི་སྐར་མ་དང་གྲངས་མཉམ་སྟེ་གཙོ་ཆེ་བ་འགའ་ཞིག་སྨོས་ན། ༧རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན། སྣེ་གདོང་གོང་མ་ཆེན་པོ་ཀུན་དགའ་ལེགས་པའི་འབྱུང་གནས། འབྲུག་པ་རྒྱལ་དབང་ཆོས་རྗེ་སྨྱོས་མཐིང་མ་བ། ཡར་ལུང་སྤྲུལ་སྐུའི་བརྒྱུད་པ་སོགས། མདོར་ན་གངས་ཏི་སེ་ནས་རྒྱལ་མོ་རོང་གི་བར་དངོས་སློབ་དང་ཡང་སློབ་ཀྱིས་ཁྱབ། དབུས་གཙང་རུ་བཞིའི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་འདིའི་ཞབས་ལ་མ་གཏུགས་པ་མེད་པ་དང་འདྲ། མཐར་དགུང་ལོ་དོན་བཞི་པ་རབ་བྱུང་དགུ་པའི་མེ་སྤྲེལ་༼༡༥༣༦༽ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ཏེ་ཟངས་མདོག་དཔལ་རིར་གཤེགས། སྐུ་གདུང་རིལ་པོ་བཞུགས་པའི་གདུང་རྟེན་བཀྲ་ཤིས་འོད་འབར་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས།

 གུ་བཀྲའི་ཆོས་འབྱུང་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་སྤེལ།