ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

རྫོགས་ཆེན་པ།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག

ཇི་སྐད་དུ། བཀའ་ཐང་ཤེལ་བྲག་མ་ལས། སྤྲེའུ་ལོ་བ་བློ་གསལ་ཤེས་རབ་ཅནཿང་སྤྲུལ་རིན་ཆེན་གླིང་འཕྲད་རྗེས་སུ་འཛིནཿབུམ་ཐང་སྨད་ནས་གཏེར་གྱི་སྒོ་ཡང་འབྱེདཿདེ་དུས་དྲི་མེད་འོད་ཟེར་ཞེས་སུ་གྲགསཿ

ཞེས་རྡོ་རྗེ་ལུང་གིས་གསལ་བར་བསྔགས་པ་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོ་མཆོག་ཡིན་ལ། ཁོང་ནི་དབུས་ཕྱོགས་གཡོ་རུ་གྲྭ་ཡི་ཕུ་སྟོད་དུ། ཡབ་སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཚུད་པ་སློབ་དཔོན་བརྟན་པ་སྲུང་དང་། ཡུམ་འབྲོམ་བཟའ་བསོད་རྒྱན་གཉིས་སུ་རབ་བྱུང་ལྔ་པའི་ས་སྤྲེལ་སྤྱི་ལོ ༡༣༠༨ ལོའི་དབོ་ཟླའི་ཚེས་བཅུའི་ཉིན་སྐུ་འཁྲུངས། དེ་མ་ཐག་ནམ་གྲུ་རེ་མ་ཏིས་ངས་བསྲུང་བ་ཡིན་ཞེས་ཕྱག་ཏུ་བླངས་ཤིང་སླར་ཡུམ་ལ་གཏད་ནས་མི་སྣང་བར་གྱུར། དགུང་ལོ་ལྔ་ཙམ་ནས་འབྲི་ཀློག་ལེགས་པར་མཁྱེན། བཅུ་གཉིས་པར་རབ་ཏུ་བྱུང་བས་མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། འཇམ་དབྱངས་དང་དབྱངས་ཅན་མ་སོགས་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་དངོས་གྲུབ་ཐོབ། ལུང་དང་རིག་པའི་གནས་རྒྱ་མཚོ་ལྟ་བུ་ལ་མི་འཇིགས་པའི་སྤོབས་སྤོབས་པ་བརྟས་པས་བསམ་ཡས་ལུང་མང་བ་ཞེས་སུ་གྲགས། ཤི་ཤུ་རྩ་དགུ་པར་ཚེ་རབས་ལས་ཀྱི་བླ་མ་དམ་པ་ཀུ་མ་རཱ་ཛཱས༼༡༢༦༦ ནས་ ༡༣༤༣༽ ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། མཁའ་འགྲོ་སྙིང་ཐིག་གི་བཀའ་བབ། བི་མ་ལས་ལུང་བསྟན་པ་ལྟར་དབུ་རུ་ཞཱ་ཡི་ལྷ་ཁང་ཞིག་གསོ་མཛད། མོན་བུམ་ཐང་དུ་དགེ་འདུན་གྱི་སྡེ་བཙུགས་པའི་མཚན་ལ་ཐར་བ་གླིང་དུ་བཏགས་ཤིང་སྔ་འགྱུར་སྤྱི་དང་རྫོགས་ཆེན་གྱི་ཕྱིན་ལས་རྒྱ་ཆེར་སྤེལ། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀྲལ་བ་མཛོད་ཆེན་རིན་པོ་ཆེ་རྣམ་བདུན་དང་། ངལ་གསོ་སྐོར་གསུམ་སོགས་མདོར་ན་ཐུན་མོང་གི་རིག་གནས་ཡི་གེའི་སྡེབ་སྦྱོར་ནས་བཟུང་ཆེས་ཟབ་པ་སྙིང་ཐིག་ཡ་བཞིའི་ཆོས་སྐོར་བར་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ལྷག་མཛད། དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པར་རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ ༡༣༦༣ རྒྱལ་ཟླའི་ཚེས་བཅོ་བརྒྱད་ཉིན་མཆིམས་ཕུ་ནགས་ཀྱི་དབེན་ཁྲོད་དུ་གཟུགས་སྐུ་ཆོས་སྐུའི་བཞུགས་སྟངས་ཀྱི་ངང་ནས་དགོངས་པ་གདོད་མའི་དབྱིངས་སུ་མནལ་བའོ།

པདྨའི་རང་མདངས་ལས་བཏུས། གང་མྱུར་རྣམ་ཐར་རྒྱས་པ་འབྲི་ངེས་ཡིན། རྩོམ་སྒྲིག་པས།