ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

རྫོགས་ཆེན་པ།

མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།

དེ་ཡང་ཨོ་རྒྱན་འཕྲིན་ལས་གླིང་པའི་ལུང་བསྟན་ལས། གསེར་སྨད་དུ་སྦས་པའི་རྣལ་འབྱོར་པ༔ མགོན་པད་འབྱུང་གི་སྤྲུལ་པ་ཡིན་པར་ངེས༔ ཞེས་བསླུ་མེད་རྡོ་རྗེ་ལུང་གིས་བསྔགས་པའི་སྦས་པའི་རྣལ་འབྱོར་བ་ཆེན་པོ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཆོག་ནི་ཕྱི་ལོ་ ༡༩༢༠ བོད་རབ་བྱུང་བཅུ་དྲུག་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར།

གསེར་རྟ་རྫོང་ལྕགས་ཐལ་མའི་ས་ཆ་ལྗགས་ལག་རྡོ་ཀླས་ཞེས་པ་རུ། ཕ་ཡབ་མལ་ཞེས་པའི་རུས་ལས་སྟོབས་ལོ་དང་། མ་ཡུམ་ནོར་བུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་དུས་ནས་སྔ་འགྱུར་བྱང་གཏེར་གྱི་ཆོས་བརྒྱུད་འཛིན་པ་འཁོར་གདོང་དགོན་དུ་ཆོས་ཞུགས་གནང་སྟེ་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོས་(ཆོས་དབྱིངས་ཁྱབ་བརྡལ་)ཞེས་པའི་མཚན་གསོལ། སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་དང། འཁོར་གདོང་འགྱུར་མེད་རྡོ་རྗེ་སྐུ་མཆེད་གཉིས་ལས་བྱང་གཏེར་ཆོས་སྐོར་གྱི་དབང་ལུང་ཁྲིད་རྒྱུན་གསན་བཞེས་མཛད། དགོན་པ་དེ་ཉིད་ཀྱི་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་ལ་ཡང་མཁས་པར་སྦྱངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་རྫོགས་ཆེན་གྱི་སྐོར་གསན་བཞེས་གནང་སྟེ་བླ་མས་ཐུགས་གཙིགས་ཤིན་ཏུ་ཆེ་བར་མཛད་ཅིང། དེང་སང་གངས་རིའི་ལྗོངས་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་ལ་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་ལས་མཁས་པ་སུ་ཡང་མེད་པས་ཁྱེད་ངེས་པར་དུ་བོད་པ་སྤྲུལ་སྐུའི་དྲུང་དུ་སློབ་གཉེར་ལ་སོང་དང་སྔ་འགྱུར་རང་ལུགས་ཟིན་པ་ཞིག་འོངས་ཞེས་བཀའ་གནང་།   བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་དམ་པ་དེ་ཉིད་ཐུན་མིན་རིགས་ཀྱི་བདག་པོར་བསྟེན་ཏེ་ལོ་འཁོར་བཅོ་ལྔ་ ༡༥ ཙམ་གྱི་རིང་ལ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི  འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམས་ཀྱི་ཡིག་ཆ་གཙོ་བོར་གྱུར་པའི་སྔ་འགྱུར་རྙིང་མའི་ཆོས་སྐོར་ལ་སྦྱངས་པ་མཐར་ཕྱིན་པ་གནང་སྟེ་མཁན་པོ་ཆོས་ཁྱབ་ཞེས་མཁས་པའི་གྲགས་པས་ཁྱབ་པ་ཞིག་བྱུང། བོད་པ་སྤྲུལ་སྐུས་ཐུགས་རྩིས་ཤིན་ཏུ་ཆེ་ཞིང་གསེར་རྟ་ཆོས་ཁྱབ་འདི་དཔལ་རོང་ཟོམ་ཆོས་ཀྱི་བཟང་པོའི་རྣམ་སྤྲུལ་ཡིན་ཞེས་གསུང་འཕྲོས་སུ་ཕེབས།  གཞན་ཡང་ཞེ་ཆེན་ཀོང་སྤྲུལ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ་རྙིང་མ་བཀའ་གཏེར་གྱིས་གཙོས་དབང་ལུང་ཁྲིད་རྒྱུན་ཅི་རིགས་པ་གསན་བསམ་ཉམས་བཞེས་གནང་། ཕྱི་ལོ་ ༡༩༥༩ ནས་བཟུང་དུས་འགྱུར་མི་བཟད་པའི་སྐབས་ལོ་འཁོར་ཉི་ཤུ་ཙམ་གྱི་རིང་ལ་དབེན་པའི་རི་སུལ་རྣམས་སུ་ཀློང་ཆེན་མཛོད་བདུན་སོགས་ལ་དཔེ་གཟིགས་རྒྱུན་མ་ཆད་པར་གནང་ཞིང་བླ་མ་ཡང་ཐིག་གི་ཁྲིད་སྦྱངས་དང་། རྩ་རླུང་གི་ཉམས་ལེན་ལ་བརྟེན་པའི་བཅུད་ལེན་ཁོ་ན་གནང་བའི་དཀའ་སྤྱད་མཛད། སྐུ་ལུས་ཧ་ཅང་གི་སྐམ་པོར་གྱུར་ཏེ་རྗེ་བཙུན་མི་ལ་རས་པའི་སྐུ་བརྙན་ཞིག་དང་འདྲ་བོ་ཡོད།
    རྟེན་དགེ་ཚུལ་ཡིན་ཀྱང་འདུལ་བའི་གཞུང་ནས་བཤད་པའི་བསླབ་པ་ཚུལ་བཞིན་དུ་སྲུང་སྟེ་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པའི་དགེ་ཚུལ་ཁོང་ལྟ་བུ་ཞིག་བོད་ཡུལ་འདིར་དེང་སང་མཐོང་རྒྱུ་མེད་པ་ལྟ་བུ་ཡིན། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ཞལ་སྔ་ནས་ཀྱང་དེང་དུས་ཀྱི་མི་ལ་རས་པ་གཉིས་པ་ཞེས་བསྔགས་བརྗོད་ཡང་ཡང་གནང་། ཁོང་གི་སྐུ་ཚེ་གང་པོར་ཀུན་སྤངས་བྱ་བྲལ་བའི་བརྟུལ་ཞུགས་དང་དུ་བླངས་པས་ཁོང་ལྟ་བུའི་ཆོས་པ་རྣམ་དག་ཅིག་དུས་རབ་ཉི་ཤུའི་པའི་མཇུག་འདི་ན་མི་འདུག་ཅེས་བཤད་མཁན་ཀྱང་མང་པོ་བྱུང་ཡོད།   
   ཕྱི་ལོ་ ༡༩༧༩ ལོ་ཙམ་ནས་བཟུང་གསེར་རྟ་སྨད་ཀྱི་ས་ཆ་གསེར་སྨད་རྔ་ལ་སྟག་རྩེ་དང་ཉེ་བའི་ལི་མདོའི་ས་ཆ་རུ་ཆོས་ཉན་གྱི་འཕྲིན་ལས་བསྐྱང་སྟེ་སློབ་ཚོགས་མང་དུ་བྱུང་ཞིང་ དགེ་འདུན་ལྔ་བརྒྱ་ལ་ཉེ་བ་ཙམ་རེ་རྒྱུན་བཞུགས་མཛད་ཅིང་། ལོ་རེ་ཟུང་དང་། ཟླ་བ་ཁ་ཤས་ལ་ཆོས་འབྲེལ་གསན་པའི་སློབ་ཚོགས་ནི་སྟོང་ཕྲག་དུ་མ་བྱུང་ཡོད། བླ་མ་འདི་ཉིད་གཅོ་བོ་སྔ་འགྱུར་རང་ལུགས་ཐུན་མོང་མ་ཡིན་གྲུབ་མཐའ་རྩལ་འདོན་མཛད་མཁན་ཞིག་ཡིན་ལ། ལྷག་པར་དུ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་རང་ལུགས་འཛིན་པའི་མཁན་པོ་ཀུན་དཔལ་དང་།  བོད་པ་སྤྲུལ་སྐུ་ནས་བརྒྱུད་པའི་བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ཞིག་ཡིན། རྗེ་ཉིད་ཀྱིས་ཞལ་ནས་ཀྱང་དེང་སང་གངས་རིའི་ལྗོངས་ན་བླ་མ་མི་ཕམ་གྱི་རང་ལུགས་འཛིན་པ་ལ་ང་ལས་ལྷག་ཅིག་མེད་ཅེས་དམ་པ་ཉིད་ཀྱིས་ཞལ་བཞེས་གནང་། ཀློང་ཆེན་མཛོད་བདུན་དང་། འཇམ་མགོན་མི་ཕམ་པའི་ཡིག་ཆ་ལ་་འཆད་ཉན་གཙོ་བོར་མཛད་ཅིང་།
   ཆོས་རྗེ་ཡིད་བཞིན་ནོར་བུ་དང་། གྲུབ་དབང་པད་མ་ནོར་བུ་སོགས་སྔ་འགྱུར་བསྟན་པའི་མངའ་བདག་ཆེ་རྒ་དུ་མས་ཀྱང་བསྔགས་བརྗོད་ཡང་ཡང་མཛད། བླ་མ་འདིའི་ཞལ་སློབ་ཕྱོགས་སོ་སོའི་དགོན་སྡེ་ཁག་གི་མཁན་པོ་དང་ཆོས་འཆད་སྤེལ་བྱེད་མཁན་མང་དུ་བྱུང་བས་བསྟན་པ་ལ་གཅིག་ཏུ་བཀའ་དྲིན་ཆེ། དགུང་གྲངས་བདུན་ཅུ་དོན་བརྒྱད་ ༧༨ བཞེས་པ་ཕྱི་ལོ་ ༡༩༩༧ བོད་རབ་བྱུང་བཅུ་བདུན་པའི་མེ་གླང་ཧོར་ཟླ་གསུམ་ ༣ པའི་ཚེས་གསུམ་ ༣ གྱི་ཕྱི་དྲོའི་ཆ་ལ་ཞིང་གཞན་དུ་གཤེགས། འདས་རྗེས་སུ་ངོ་མཚར་བའི་རྟགས་འཇའ་འོད་ཀྱི་བཀོད་པ་དང་གདུང་རིང་སྤྲེལ་སོགས་བྱུང་། 
   གསེར་ལྗོངས་ལི་མདོ་ངེས་དོན་དོ་སྔགས་ཆོས་འཁོར་གླིང་། དེ་ལྟ་བུའི་བླ་མ་དམ་པ་དེ་ཉིད་ཀྱིས་ཕྱག་བཏབ་གནང་བའི་གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་ཞེས་པའི་སྔ་འགྱུར་རྙིང་མའི་གདན་ས་འདི་ཉིད། ཇི་སྐད་དུ། བདུད་འདུལ་ཤན་ལུང་ལས། ལི་མདོའི་གནས་སུ་སྔོན་མེད་གྲྭ་ཞིག་ཆགས༔ སྙིང་པོ་ཐུགས་ཀྱི་བསྟན་པ་དེ་ན་དར༔ ཞེས་དང་། རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁབ་སྤྱི་ཡི་ལུང་བསྟན་ཀུན་གསལ་ཉི་མའི་དཀྱིལ་འཁོར་ལས། གཙང་སྟོད་དེ་འུ་ཞི་མདོག་སྒྲུབ་གྲྭ་ཆགས༔ ལི་མདོའི་གནས་སུ་བཤད་གྲྭ་ཆགས་པ་དང༔ གཏེར་བདག་གླིང་པའི་རིག་འཛིན་ཐུགས་ཐིག་དར༔ ཞེས་བསླུ་མེད་རྡོ་རྗེས་ལུང་གིས་བསྔགས་པ་ལྟར། ཡུལ་མདོ་ཁམས་གསེར་རྟའི་ས་ཆ་དེ་ལ་གསེར་སྟོད་ཀྱི་འབྲོང་རི་སྨུག་པོ། གསེར་སྨད་ཀྱི་རྔ་ལ་སྟག་རྩེ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་གསེར་སྨད་ལྔ་ལ་སྟག་རྩེ་དང་ཉེ་བའི་ཆར། གསེར་ཆུ་དང་ལི་ཆུ་གཅིག་ཏུ་འདྲིས་མདོ་ཆེན་ལི་མདོ་ཞེས་པའི་ ས་ཆ་དེ་ཉིད་ཕྱིའི་ཡུལ་ལུང་ངོ་མཚར་བའི་མཇེས་ལྗོངས་ལྗོན་ཤིང་དང་སྨན་རིགས་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་ཞིང་། སྟོན་ན་འབྲོག་སྡེ་རྒྱ་ཆེ་ཞིང་མར་ཕྱུར་འོ་གསུམ་འཛོམ་ས། སྨད་ཕྱོགས་སུ་འབྲུ་རིགས་ཀྱི་ཞིང་ཁ་རྒྱ་ཆེ་བས་མཚོན། ཟས་རིགས་བཙལ་སླ་བ། འགྲུམ་འགྲིལ་སྟབས་བདེ་བ། གནམ་གཤིས་དྲོ་གྲང་ལེགས་པ་སོགས་ཡོན་ཏན་དུ་མས་བརྒྱན་པའི་གནས་དེ་ཉིད་དུ།
    སྤྱི་ལོ་ ༡༩༧༩ ལོ་ནས་བཟུང་མཁན་ཆེན་ཆོས་དབྱིང་ཁྱབ་བརྡལ་མཆོག་གིས་ཆོས་འཆད་ཉན་གྱི་འགྲོ་དོན་བསྐྱངས་ཤིང་། རིམ་པས་སློབ་ཚོགས་མང་དུ་བྱུང་སྟེ་(གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་)ཞེས་པའི་སྔ་འགྱུར་རྙིང་མའི་གདན་སའི་ཆོས་སྒར་འདི་ཉིད་ཆགས། གདན་ས་འདི་ནི་རིག་པའི་གནས་ལྔ་ཆ་ཚང་བ་འཆད་ཉན་ཡོད་པའི་གནས་ལྔ་རིག་པའི་སློབ་གླིང་ཞིག་ཡིན་ལ། ནང་དོན་རིག་པ་མདོ་བཞུང་ཆེན་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་དྲུག་གི་འཆད་ཉན་གཙོ་བོར་མཛད་ཅིང། ལྷག་པར་དུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་། ཀུན་མཁྱེན་ཀློང་ཆེན། སྨིན་གླིང་ལོ་ཆེ་དྷརྨ་ཤྲཱི འཇམ་མགོན་མི་ཕམ་རིན་པོ་ཆེ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་སྔ་འགྱུར་རང་ལུགས་ཀྱི་ཡིག་ཆ་ལ་འཆད་ཉན་གཙོར་འདོན་མཛད། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རང་ལུགས་འཛིན་པའི་བརྒྱུད་འཛིན་གྱི་གཙོ་བོ་མཁན་ཆེན་ཀུན་བཟང་དཔལ་ལྡན། དེའི་བརྒྱུད་འཛིན་གཙོ་བོ་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ། དེའི་བརྒྱུད་འཛིན་གཙོ་བོ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ཡིན་ལ། དམ་པ་དེ་ཉིད་ཀྱིས་ཕྱག་བཏབ་གནང་བའི་གདན་ས་འདི་ཉིད་ཀྱང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རང་ལུགས་འཛིན་པའི་བརྒྱུད་འཛིན་ཐུན་མོང་མ་ཡིན་པའི་བཀའ་བབ་ཡོད་པ་ཞིག་ཡིན། ༸ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ཞལ་སྔ་ནས་ཀྱང་། བོད་པ་སྤྲུལ་སྐུ་ལ་སློབ་མ་མཁས་པ་མང་པོ་ཡོད། དེའི་ནང་ནས་བླ་མ་མི་ཕམ་གྱི་བརྒྱུད་འཛིན་གཙོ་བོ་དེ་མཁན་པོ་ཆོས་ཁྱབ་ཡིན་པར་སྔོན་ཆད་རྫ་ཆུ་ཁ་ན་ཡོད་དུས་ནས་གསུང་ཁྲིམས། ཞེས་གསུང་འཕྲོས་སུ་ཕེབས་པ་ཁོ་བོ་ཅག་གིས་དངོས་སུ་ཐོས་མྱོང་ཡོད་པ་ལྟ་བུ་ཡིན།
དེ་ལྟ་བུའི་གདན་ས་འདི་ཉིད་ནས་གསོ་སྐྱོང་གནང་བའི་མཁན་པོ་དང་། སྤྲུལ་སྐུ། སློབ་དཔོན། ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པའི་རི་ཁྲོད་པ་སོགས་བསྟན་འཛིན་གྱི་སྐྱེས་བུ་དུ་མས་བོད་ཙམ་དུ་མ་ཟད་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ཏུ་ཡང་སྔ་འགྱུར་རང་ལུགས་ཀྱི་བསྟན་པ་འཛིན་སྐྱོང་བྱས་དང་བྱེད་མུས་དང་། བོད་ཡུལ་དུ་སྔ་འགྱུར་རྙིང་མའི་གནད་ས་ཆེན་པོ་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་དང་། རྡོ་རྗེ་བྲག རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་སོགས་ཀྱིས་མཚོན་དགོན་སྡེ་ཆེ་ཕྲ་དུ་མར་མཁན་་སློབ་ཀྱི་ཕྱག་ལས་གནང་སྟེ་ཆོས་འཆད་ཉན་གྱི་འཕྲིན་ལས་རྒྱ་ཆེར་འཕེལ།  
   མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་དགུང་གྲངས་ ༦༠ ལ་ཕེབས་པ་སྤྱི་ལོ་ ༡༩༧༩ བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོར་གདན་ས་འདི་ཉིད་ཕྱག་བཏབ་པ་ནས་བཟུང་བླ་མ་འདི་ཉིད་དགུང་གྲངསས་ ༧༨ ལ་ཕེབས་པསྤྱི་ལོ་ ༡༩༩༧ བར་ལོ་འཁོར་བཅུ་དགུའི་རིང་ལ་ཆོས་སྡེ་འདི་ཉིད་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་སུ་ཕྱིན་ཏེ་དགེ་འདུན་ལྔ་བརྒྱབ་ཙམ་རྒྱུན་བཞུགས་མཛད། དགེ་འདུན་རྣམས་ཀྱང་དགེ་ཚུལ་དང་དགེ་སློང་ཁོ་ན་མ་གཏོགས་སྡོམ་དང་དམ་ཚིག་གཙང་མ་མེད་མཁན་སུ་ཡང་བཞུགས་མི་ཆོག། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་གཅིག་ཏུ་བརྩོན་པའི་འདུས་སྡེ་འདི་ཉིད་ལ་ཕྱོགས་སོ་སོ་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ཡིད་དབང་མེད་དུ་འཕྲོག་སྟེ། མཁས་བཙུན་བཟང་གསུམ་ལྡན་པའི་སློབ་ཚོགས་གཡར་མཚོ་ལྟར་དུ་རྒྱས།
   སྤྱི་ལོ་ ༡༩༩༧ ལོར་བླ་མ་དམ་པ་ཉིད་ཞིང་གཞན་དུ་གཤེགས་རྗེས་སུ་བླ་མའི་ཐུགས་སྲས་ཀྱི་གཙོ་བོ་མཁན་ཆེན་ཤེས་རབ་མཆོག་གིས་ལོ་གསུམ་གྱི་རིང་ལ་གནད་ས་འདིའི་མཁན་པོའི་གཙོ་འགན་བཞེས་ཏེ་འགྲོ་དོན་བསྐྱངས། བར་ལམ་ཕྱི་ནང་གི་རྒྱུ་སྐྱེན་འགའ་ཞིག་གི་དབང་གིས་ཆོས་སྒར་དེ་ཉིད་གནས་སྐབས་སུ་མཚམས་འཇོག་བྱས་པ་སླར་ཡང་བླ་དམ་པ་ཉིད་ཀྱི་ཆོས་གྲོགས་ཀུན་མཁྱེན་བོད་པ་སྤྲུལ་སྐུའི་ཞལ་སློབ་ཨ་རིར་གནས་བཞུགས་བསྟན་པའི་སྤྱིན་བདག་ཆེན་པོ་དཔལ་ཡུལ་དར་ཐང་སྤྲུ་སྐུ་ཀུན་དགའ་དགེ་ལེགས་མཆོག་གིས་རྒྱ་ནག་གི་སྒོར་མོ་ཁྲི་བཞི་བརྒྱ་ཙམ་གྱིས་འགྲོ་སོང་གནང་བའི་བཀའ་དྲིན་དང་། བླ་དམ་པ་གང་ཉིད་ཀྱིས་ཞལ་སློབ་མཁན་སྤྲུལ་གཙོ་བོ་དག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས་༢༠༡༠ ཟླ་ ༡༠ ཚེས་ ༢༩ ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོའི་བོད་ཟླ་ ༩ ཚེས་ ༢༢རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོར་ཆོས་སྒར་བསྐྱར་འཛུགས་ལེགས་པར་བྱེད་ཐུབ་ཡོད་ཅིང་། ཕྱི་ལོ་ ༢༠༡༠ བོད་ཟླ་ ༩ ཚེས་ ༢༨ ཉིན་མཁན་ཆེན་དམ་པ་གི་ཐུགས་ཀྱི་བུ་ཆེན་མཁན་ཆེན་ཟླ་དབང་མཆོག་གིས་ཡིད་བཞིན་མཛོད་ཀྱི་འཆད་ཁྲིད་དབུ་འཛུགས་ལེགས་པར་གནང་ཡོད། ད་ལྟའི་ཆར་ཆོས་སྒར་དེ་ཉིད་མཁན་ཆེན་ཟླ་དབང་། མཁན་ཆེན་ཀུན་བཟང་བསྟན་འཛིན། མཆོག་སྤྲུལ་ཐུབ་བསྟན་ལུང་རྟོགས་སོགས་ཀྱིས་གཙོས་མཁན་སྤྲུལ་་རྣམས་ཀྱིས་མུ་མཐུད་དེ་འཛིན་སྐྱོང་བྱེད་མུས་དང་། དགེ་འདུན་ལྔ་བརྒྱ་ལྷག་གི་ཐོས་བསམ་གནང་བཞིན་པ་སྟེ། གདན་ས་འདི་ཉིད་ནི་མདོ་སྔགས་རིག་གནས་དང་བཅས་པ་ཆ་ཚང་བ་འཆད་ཉན་སྒོམ་སྒྲུབ་བྱེད་སའི་བསྟི་གནས་ཞིག་ཏུ་གྱུར་ཡོད།    

    ཞེས་གཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཆོག་དང་། ཁོང་གིས་ཕྱག་བཏབ་གནང་བའི་(གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་)གི་ངོ་སྤྲོད་མདོར་བསྡུས་སུ་དམ་པ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པ་ཆོས་དབྱིངས་ནས་བྲིས།  །

ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་ཆེད་སྤེལ་བྱས།