ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རིག་འཛིན་ནམ་མཁའ་འབྲུག་གྲགས་ནི།

ཡབ་པདྨ་རྣམ་རྒྱལ་དང་ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ལ་ཨོ་རྒྱན་རྒྱ་མཚོ་གཉིས་ཀྱི་སྲས་སུ་ཡུལ་ཧོ་རའི་ཡུལ་དུ་སྤྱི་ལོ་༡༧༣༢་ལོར་སྐུ་འཁྲུངས།

གོང་མའི་ཐུགས་སྲས་རྣམ་དང་རྒྱལ་ཚབ་པདྨ་དབང་ཕྱུག་གིས་དཔོན་སློབ་ནམ་མཁའ་འོད་གསལ་དང་།ཞེ་ཆེན་རབ་འབྱམས་བསྟན་པའི་རྒྱལ་མཚན།གཏེར་ཆེན་ཉི་མ་གྲགས་པ་སོགས་ལ་དགོངས་རྟགས་ཕུལ་བས་ཨོ་རྒྱན་རྒྱ་མཚོས་སྐྱེ་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་།གཏེར་བདག་གླིང་པས།དཔལ་ཡེའི་སྤྲུལ་པ་ཀུན་གསལ་འབྲུག་གྲགས་མིང་ཿསྦས་པའི་རྣལ་འབྱོར་མདོ་ཁམས་ཧོར་ལ་བྱོནཿཞེས་ངོས་འཛིན་སོགས་རྒྱལ་ཚབ་པདྨ་དབང་ཕྱུག་དང་པདྨ་མདོ་སྡེ་སོགས་ཀྱིས་ཆོས་ཁྲིར་མངའ་གསོལ་མཛད་དེ་ཡོངས་འཛིན་བླ་མ་པད་མ་མདོ་སྡེ་བསྐོས།རྒྱ་རོང་དབོན་སྤྲུལ་འགྱུར་མེད་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་མདུན་ནས་རབ་བྱུང་གི་སྡོ་པ་བཞེས་ཤིང་མཚན་ནས་མཁའ་འབྲུག་གྲགས་ཞེས་གསོལ།པདྨ་དབང་ཕྱུག་ལས་དཔེ་ཆ་སློབ་གཉེར་མཛད་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་ལྔའི་ཐོག་ལྷ་ལྡན་དུ་ཆིབས་ཁ་བསྒྱུར་ནས་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས་ཏེ་སྨིན་གླིང་ལོ་ཆེན་ལས་མདོ་སྒྱུ་སེམས་གསུམ་དང་སྨིན་གླིང་གཏེར་ཆོས་སོགས་གསན།ཁྱད་པར་དུ་རྫོགས་ཆེན་སྙིང་ཐིག་རྣམ་གཉིས་སོགས་ཀྱི་སྨིན་གྲོལ་ཟབ་མོ་བཞེས་ཤིང་གནས་སྐོར་རྗེས་སླར་ཕེབས་ནས་རང་དགོན་དུ་བསྟན་པ་འཛིན་སྐྱོང་མཛད།འགྱུར་མེད་ཀུན་གྲོལ་རྣམ་རྒྱལ་མཆོག་རང་དགོན་དུ་ཕེབས་ནས་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་ཟབ་མོ་གནང་།གསང་མཚན་ནི་རིག་འཛིན་དབང་དྲག་རོལ་པ་རྩལ་གྱི་གཏེར་ལུང་ལས་ཧེ་རུ་ཀ་ཡེ་ཤེས་རྡོ་རྗེ་ཞེས་བསྟན་ཡོད།དགོན་པའི་འཆམ་ཕྱག་ལེན་དང་ཆོ་གའི་འདོན་རྟ་དབྱངས།ཐིག་རྡུལ་མཚོན་བཅས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ལེགས་བཅོས་གནང་།གྲུབ་དབང་རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་ཡང་ཟབ་དཀོན་མཆོག་སྤྱི་འདུས་དང་རྒྱུད་གསང་བ་སྙིང་ཐིག་བཅས་ནོད།འཛིང་སྟག་མོ་དགོན་དུ་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་ལས་ཉི་གྲགས་ཀྱི་གཏེར་ཁ་ཡོངས་རྫོགས་ཕྱག་བཞེས་དང་བཅས་པའི་དབང་ཁྲིད་ལེགས་པར་བཞེས།གཞན་ཡང་ཉི་སྤྲུལ་ཀུན་བཟང་ཐེག་མཆོགསི་ཏུ་ཆོས་ཀྱི་འབྱུང་གནས།ལོ་ཆེན་ཆོས་དཔལ་རྒྱ་མཚོ།རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་གསན་བཞེས་གནང་བས་ཐོས་དོན་སྒྲུབ་པ་ལ་སྙིང་པོར་དྲིལ་བས་རྒྱུད་སྡེ་སྤྱི་དང་།ཁྱད་པར་དུ་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཡོངས་རྫོགས་བསྙེན་སྒྲུབ་དང་རྡོ་རྗེ་གསུམ་གྱི་ཉམས་བཞེས་གནད་དུ་སྨིན་པས་ཐ་མལ་སྒོ་གསུམ་འཁྲུལ་བའི་བག་ཆགས་བྱང་ཞིང་རྫོགས་ཆེན་གྱི་ཉམས་སྣང་གོང་འཕེལ་གྱི་རྟོགས་པ་མངོན་དུ་གྱུར།དགུང་ལོ་ཞེ་གསུམ་སྤྱི་ལོ་༡༧༧༥་ལོར་སྐུ་ཆོས་དབྱིངས་སུ་གཤེགས།

ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༩་ནས་༡༡་པར།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།